ཀྲུང་གོ་བོད་ཀྱི་དྲ་བ།

ཧན་གོ་དང་ཁྲའོ་ཞན་གྱིས་ཟླ་དགུ་བར་ཕེན་རང་ནས་ཡང་བསྐྱར་མགོ་གཙོའི་གྲོས་མོལ་སྤེལ་རྒྱུའི་གྲོས་ཐག་བཅད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-08-14
ཡིག་གཟུགས། :ཆུང་། འབྲིང་། ཆེ།

20180814093240b9i5.jpg

ཟླ8པའི་ཚེས13ཉིན། ཧན་གོའི་གཅིག་གྱུར་པུའུ་ཡི་པུའུ་ཀྲང་ཀྲའོ་མེན་ཅོན་དང་ཁྲའོ་ཞན་མེས་རྒྱལ་ཞི་བདེ་གཅིག་གྱུར་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ལིས་ཧྲན་ཆོན་གཉིས་པན་མིན་མགྲིན་ཁང་གི་ཁྲའོ་ཞན་ཕྱོགས་ཀྱི་གཅིག་གྱུར་ཁང་ནས་མཐོ་རིམ་གྲོས་མོལ་ལ་ཞུགས། 

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ8པའི་ཚེས13ཉིན། ཧན་གོ་དང་ཁྲའོ་ཞན་ཕྱོགས་གཉིས་ཀྱིས་པན་མིན་མགྲོན་ཁང་གི་ཁྲའོ་ཞན་ཕྱོགས་ཀྱི་གཅིག་གྱུར་ཁང་ནས་མཐོ་རིམ་གྲོས་མོལ་སྤེལ། 

ཧན་གོ་དང་ཁྲའོ་ཞན་གྱིས་ཚེས་བཅུ་གསུམ་ཉིན་པན་མིན་མགྲོན་ཁང་གི་ཁྲའོ་ཞན་ཕྱོགས་ཀྱི་གཅིག་གྱུར་ཁང་ནས་མཐོ་རིམ་གྲོས་མོལ་སྤེལ་ཏེ། ཟླ་དགུ་བར་ཁྲའོ་ཞན་གྱི་རྒྱལ་ས་ཕེན་རང་ནས་ཡང་བསྐྱར་ལྷོ་བྱང་གི་མགོ་གཙོའི་གྲོས་མོལ་སྤེལ་རྒྱུའི་གྲོས་ཐག་བཅད། 

གྲོས་མོལ་དེ་ཚེས་བཅུ་གསུམ་ཉིན་གྱི་སྔ་དྲོའི་དུས་ཚོད་བཅུའི་ཡས་མས་སུ་མགོ་བརྩམས་པ་དང་། ཧན་གོ་དང་ཁྲའོ་ཞན་གྱི་འཐུས་ཚབ་ཚོགས་པར་སོ་སོར་ཧན་གོའི་གཅིག་གྱུར་པུའུ་ཀྲང་ཀྲའོ་མེན་ཅོན་དང་ཁྲའོ་ཞན་མེས་རྒྱལ་ཞི་བདེ་གཅིག་གྱུར་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ལིས་ཧྲན་ཆོན་གཉིས་ཀྱིས་སྣེ་ཁྲིད་བྱས་ཡོད། 

ཕྱོགས་གཉིས་ཀྱི་འཐུས་ཚབ་ཚོགས་པས་གྲོས་མོལ་མགོ་བརྩམས་མ་ཐག་ལག་འཇུ་བྱས་ཏེ་གུས་འདུད་ཞུས་པ་དང་། ཞོར་དུ་གྲོས་མོལ་ལ་གྲུབ་འབྲས་ཐོབ་པར་སྐུལ་འདེད་གཏོང་བའི་རེ་འདུན་གསལ་བོར་བསྟན། ལིས་ཧྲན་ཆོན་གྱིས་བསྟན་དོན། ཁྲའོ་ཞན་ཕྱེད་གླིང་གི་ལྷོ་བྱང་ཕྱོགས་གཉིས་ཀྱིས་ད་ལྟ་ལག་རྡང་སྦྲེལ་ནས་མདུན་དུ་བསྐྱོད་པའི་དུས་རབས་བསུས་ཡོད་ཟེར། ཁྲའོ་མེན་ཅོན་གྱིས་ཕྱོགས་གཉིས་ཀྱིས་བསམ་པའི་དྲན་ཕྱོགས་གཅིག་ཡིན་པ་དང་སྟོབས་ཤུགས་གཅིག་ཏུ་སྒྲིལ་བའི་སྙིང་སྟོབས་བཅངས་ཏེ་གནད་དོན་ཡོད་ཚད་ཐག་གཅོད་བྱེད་དགོས་པའི་འབོད་སྐུལ་བཏང་། 

ཧན་གོ་དང་ཁྲའོ་ཞན་གྱི་འཐུས་ཚབ་ཚོགས་པས་གྲོས་མོལ་བྱས་རྗེས་མཉམ་འབྲེལ་གསལ་སྒྲོག་སྤེལ་ཏེ། ཕྱོགས་གཉིས་ཀྱིས་གྲོས་མོལ་ཁྲོད་པན་མིན་མགྲོན་ཁང་གི་བསྒྲགས་གཏམ་ལག་བསྟར་བྱས་པའི་གནས་ཚུལ་ལ་དཔྱད་ཞིབ་བྱས་པར་མ་ཟད། སྔར་ལས་ལྷག་པའི་སྒོ་ནས་པན་མིན་མགྲོན་ཁང་གི་བསྒྲགས་གཏམ་དངོས་འབེབ་བྱེད་པའི་ཐད་ནས་ལྷག་བསམ་རྣམ་དག་གིས་གྲོས་མོལ་བྱས། 

གལ་ཏེ་ཟླ་དགུ་བར་ཕེན་རང་ནས་སྤེལ་བར་ཐག་བཅད་པའི་ཧན་གོ་དང་ཁྲའོ་ཞན་གྱི་མགོ་གཙོའི་གྲོས་མོལ་དེ་བདེ་བླག་ངང་སྤེལ་ཐུབ་པ་བྱུང་ན། ཧན་གོའི་ཙུང་ཐུང་ཝུན་ཙེ་ཡུན་དང་ཁྲའོ་ཞན་གྱི་ཆེས་མཐོའི་མགོ་ཁྲིད་པ་ཅིན་ཀྲིན་ཨིན་བར་གྱི་གྲོས་མོལ་ཐེངས་གསུམ་པ་རེད། 

ད་ལོའི་ཟླ་བཞི་བའི་ཚེས་ཉེར་བདུན་ཉིན། མགོ་ཁྲིད་པ་གཉིས་ཀྱིས་པན་མིན་མགྲོན་ཁང་ནས་གྲོས་མོལ་སྤེལ་ཏེ་པན་མིན་མགྲོན་ཁང་གི་བསྒྲགས་གཏམ་བཀོད། ཕྱོགས་གཉིས་ཀྱིས་ཁྲའོ་ཞན་ཕྱེད་གླིང་དུ་ཉིང་རྡུལ་ནུས་པ་མེད་པ་མངོན་འགྱུར་བྱེད་པའི་ཐད་འབད་བརྩོན་བྱེད་རྒྱུ་ཁྱབ་སྒྲོག་བྱས། ཟླ་ལྔ་བའི་ཚེས་ཉེར་དྲུག་ཉིན། མགོ་ཁྲིད་པ་གཉིས་ཀྱིས་ཡང་བསྐྱར་པན་མིན་མགྲོན་ཁང་ནས་གྲོས་མོལ་བྱས་ཏེ། པན་མིན་མགྲོན་ཁང་གི་བསྒྲགས་གཏམ་ལག་བསྟར་བྱེད་པ་དང་ཨ་མེ་རི་ཁའི་དང་ཁྲའོ་ཞན་གྱི་མགོ་ཁྲིད་པའི་གྲོས་མོལ་ལ་འབྲེལ་བའི་གནད་དོན་ཐད་ནས་བསམ་འཆར་བརྗེ་རེས་བྱས་པ་རེད། 

ཧན་གོའི་གསར་འགྱུར་ལས་རིགས་ཀྱིས་དབྱེ་ཞིབ་བྱས་པ་ལྟར་ན། ཧན་གོ་དང་ཁྲའོ་ཞན་བར་དུ་ཉེ་སྔོན་རིམ་པ་སོ་སོ་དང་ཁྱབ་ཁོངས་སོ་སོའི་བརྗེ་རེས་གྲོས་མོལ་ཇེ་མང་དུ་སོང་ཡོད་ཀྱང་། ཁྲའོ་ཞན་དང་ཨ་མེ་རི་ཁའི་ཕྱེད་གླིང་དུ་ཉིང་རྡུལ་ནུས་པ་མེད་པར་གཏོང་བའི་བྱེད་ཐབས་དང་གོ་རིམ་ཐད་ཀྱི་ལངས་ཕྱོགས་ལ་ཁྱད་པར་ཡོད་པའི་དབང་གིས་ཧན་གོ་དང་ཁྲའོ་ཞན་གྱི་མཉམ་ལས་དང་ཕྱེད་གླིང་དུ་ཉིང་རྡུལ་ནུས་པའི་མེད་པར་གཏོང་བའི་འཕེལ་རིམ་ལ་བར་ཆད་ཐེབས་ཡོད། ཕྱོགས་གཉིས་ཀྱིས་མཐོ་རིམ་གྲོས་མོལ་དང་མགོ་གཙོའི་གྲོས་མོལ་ཡང་བསྐྱར་སྤེལ་བ་ལ་བརྟེན་ནས། སྔར་ལས་ལྷག་པའི་སྒོ་ནས་ལྷོ་བྱང་གི་འབྲེལ་བ་ལེགས་བཅོས་བྱེད་པ་དང་ཕྱེད་གླིང་དུ་ཉིང་རྡུལ་ནུས་པ་མེད་པར་གཏོང་བའི་འཕེལ་རིམ་ལ་སྐུལ་འདེད་གཏོང་འདོད་ཡོད་ཟེར།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།