ཀྲུང་གོ་བོད་ཀྱི་དྲ་བ།

ཐུར་ཁེའི་ཙུང་ཐུང་གིས་ཐུར་ཁེའི་དཔལ་འབྱོར་ཐད་ཀྱི་དཔུང་འཇུག་ལ་འགོག་རྒོལ་བྱེད་པའི་ནུས་པ་ཡོད་པར་བཤད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-08-14
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཐུར་ཁེའི་ཙུང་ཐུང་ཨེ་ཨར་ཏའོ་ཨན་གྱིས་ཚེས་བཅུ་གསུམ་ཉིན་བསྟན་དོན། ཐུར་ཁེའི་དཔལ་འབྱོར་ལ་དཔུང་འཇུག་ཐེབས་བཞིན་ཡོད་ཀྱང་། ཐུར་ཁེ་ཡིས་དཔུང་འཇུག་དེར་འགོག་རྒོལ་བྱེད་པའི་ནུས་པ་ཡོད་ཟེར། 

ཨེ་ཨར་ཏའོ་ཨན་གྱིས་ཉིན་དེར་རྒྱལ་ས་ཨན་ཁཱ་ལཱ་ནས་གཏམ་བཤད་སྤེལ་སྐབས་བཤད་རྒྱུར། དེང་སྐབས་ཐུར་ཁེའི་དཔལ་འབྱོར་ནི་བརྟན་བརླིང་དང་ཤུགས་ལྡན། སྐྱོན་མེད་ལྷུན་གྲུབ་ཅིག་ཡིན་ལ། ཐུར་ཁེའི་དངུལ་ལོར་ལི་ལཱའི་བརྗེ་སྤོར་གཡི་ཚད་ཅང་མ་འགོར་བར་ཆེས་ལུགས་མཐུན་གྱི་ཆུ་ཚད་དུ་གཏན་འཇགས་ཡོང་ངེས་རེད་ཟེར།

ཨེ་ཨར་ཏའོ་ཨན་གྱིས་ད་རུང་བསྟན་དོན། མཉམ་ལས་ཟབ་མོ་བྱེད་པའི་བྱང་ཆིངས་རྩ་འཛུགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་ཡིན་པའི་ཆ་ནས་ཨ་མེ་རི་ཁས་ལྟག་རྒྱབ་ནས་ཐུར་ཁེ་ལ་གནོད་སྐྱེལ་འདོད་ཡོད་པ་རེད་ཟེར། 

ཐུར་ཁེའི་ཕྱི་འབྲེལ་བློན་ཆེན་ཆཱ་ཝུའུ་ཧྲི་ཨོ་ལུའུ་ཡིས་ཀྱང་ཉིན་དེར་བསྟན་དོན། ཨ་མེ་རི་ཁས་ཐུར་ཁེ་ལ་སྤྱད་པའི་བཀག་སྡོམ་བྱེད་ཐབས་དང་འཇིགས་ཉེན། གནོན་ཤུགས་བཅས་ལ་གྲུབ་འབྲས་ཐོབ་མི་སྲིད་ལ། ཐུར་ཁེ་ཡིས་ཕྱི་འབྲེལ་དང་གྲོས་མོལ་གྱི་ཐབས་ལ་བརྟེན་ནས་རྩོད་གླེང་ཐག་གཅོད་བྱེད་པར་གྲ་སྒྲིག་བྱས་ཡོད་ཟེར།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།