ཀྲུང་གོ་བོད་ཀྱི་དྲ་བ།

ཨ་ཧྥུའུ་ཧན་གྱི་སྲིད་གཞུང་དམག་དཔུང་དང་ཐཱ་ལེ་པན་གྱིས་ཤར་ཕྱོགས་གྲོང་ཁྱེར་ནས་མུ་མཐུད་དུ་འཐབ་འཁྲུག་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-08-14
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨ་ཧྥུའུ་ཧན་རྒྱལ་དམངས་དམག་དཔུང་གི་སྤྱི་ཁྱབ་ཇུས་འདོན་དཔོན་པོ་ཡཱ་ཧྥུའུ་ཐཱ་ལེ་ཡིས་ཚེས་བཅུ་གཉིས་ཉིན་གསར་འགྱུར་ལས་རིགས་ལ་བཤད་རྒྱུར། ཨ་ཧྥུའུ་ཧན་དམག་ཕྱོགས་ཀྱིས་བསྟུད་མར་ཉིན་འགའི་རིང་ཤར་ཕྱོགས་ཀྱི་ཅཱ་ཙི་ནེ་ཞིང་ཆེན་གྱི་ལྟེ་གནས་གྲོང་ཁྱེར་ཅཱ་ཙི་ནེ་ནས་རྒྱལ་ཁབ་དེའི་ཐཱ་ལེ་པན་དྲག་ཆས་མི་སྣའི་བར་འཐབ་འཁྲུག་བྱེད་བཞིན་ཡོད་པ་དང་། དྲག་ཆས་རྩ་འཛུགས་དེར་ཆམ་ཕབ་དྲག་པོ་བཏང་ཡོད་ལ། དམག་ཕྱོགས་ཀྱིས་ཅང་མི་འགོར་བར་ས་དེའི་བདེ་འཇགས་གནས་བབ་སླར་གསོ་བྱེད་ཐུབ་ཟེར། 

ཡཱ་ཧྥུའུ་ཐཱ་ལེ་ཡིས་བསྟན་དོན། ཐཱ་ལེ་པན་གྱི་དྲག་ཆས་མི་སྣ་བརྒྱ་དང་ལྔ་བཅུ་ཙམ་ལ་དམག་ཕྱོགས་དང་འཁྲུག་རྩོད་བྱེད་སྐབས་ཤི་རྨས་ཐེབས་པ་དང་། ཅཱ་ཙི་ནེ་གྲོང་ཁྱེར་མིག་སྔར་ཐཱ་ལེ་པན་རྩ་འཛུགས་ཀྱིས་བདག་ཏུ་བཟུང་མེད་ཟེར། དམག་ཕྱོགས་ཀྱིས་ས་དེའི་ཐཱ་ལེ་པན་གྱི་དྲག་ཆས་ཉེས་ཅན་ཚང་མ་ཚར་གཅོད་བྱེད་རག་བར་དུ་ཆམ་ཕབ་གཏོང་བའི་འགུལ་སྐྱོད་མུ་མཐུད་དུ་སྤེལ་རྒྱུ་ཡིན་ཟེར། དམག་ཕྱོགས་ཀྱིས་གང་མགྱོགས་སྒོས་གྲོང་ཁྱེར་དེའི་བདེ་འཇགས་གནས་བབ་སླར་གསོ་བྱེད་རྒྱུ་དང་། ས་དེའི་འགྲིམ་འགྲུལ་རྒྱུ་ལམ་གཙོ་བོ་ཡང་བསྐྱར་སྒོ་འབྱེད་བྱེད་རྒྱུ་མ་ཟད། གཞུང་ལམ་གཙོ་བོའི་བདེ་འཇགས་ཞིབ་བཤེར་ས་ཚིགས་ཀྱི་ཁ་གྲངས་ཇེ་མང་དུ་གཏོང་རྒྱུ་ཡིན་ཟེར། 

བསྒྲགས་པ་ལྟར་ན། བསྟུད་མར་འཁྲུག་རྩོད་བྱུང་བ་ལས་རྒྱལ་དམངས་དམག་དང་ཉེན་རྟོག་ཕྱོགས་ཀྱི་མི་བརྒྱ་རྐྱེན་ལམ་དུ་ཤོར་ཡོད་པ་དང་། གཞན་ཡང་བདེ་འཇགས་མི་སྣ་བརྒྱ་དང་བཞི་བཅུར་རྨས་ཕོག་ཡོད་ལ། ཞོར་དུ་མི་སེར་དཀྱུས་མར་ཤི་རྨས་ཚབས་ཆེན་བཟོས་ཡོད་ཟེར། 

ཚེས་བཅུ་གསུམ་ཉིན་རྒྱལ་ས་ཁཱ་པོར་ཉེ་འདབས་སུ་ཉེན་ཡོལ་བྱེད་དུ་ཡོང་བའི་ཅཱ་ཙི་ནེ་གྲོང་ཁྱེར་གྱི་མང་ཚོགས་མཐོང་ཐུབ་པ་རེད། མང་ཚོགས་ཤིག་གིས་བསྟན་དོན། ཚེས་བཅུ་ཉིན་ཕྱོགས་གཉིས་ཀྱིས་འཁྲུག་རྩོད་མགོ་བརྩམས་པའི་ཚུན་ལ། ཅཱ་ཙི་ནེ་གྲོང་ཁྱེར་ནང་ཁུལ་གྱི་འཕྲིན་གཏོང་དང་གློག་ཤུགས་རྩ་བ་ནས་ཆད་ཡོད་ཟེར། ཅཱ་ཙི་ནེ་གྲོང་ཁྱེར་དུ་བགྲོད་སའི་གཞུང་ལམ་གཙོ་བོར་བཀག་སྡོམ་བྱས་ཡོད་པས། མང་ཚོགས་མི་ཉུང་བ་ཞིག་རྐང་ཐང་དུ་ཞིང་ཆེན་གཞན་པར་ཉེན་ཡོལ་བྱེད་དུ་མི་འགྲོ་ཐབས་མེད་བྱུང་ཟེར། 

ཨ་ཧྥུའུ་ཧན་གྱི་ཙུང་ཐུང་ཅཱ་ནེ་ཡིས་ཚེས་བཅུ་གཉིས་ཉིན་གྱི་དགོང་མོར་བྲེལ་མྱུར་བདེ་འཇགས་གྲོས་ཚོགས་བསྡུས་ཏེ། ཅཱ་ཙི་ནེ་གྲོང་ཁྱེར་གྱི་བདེ་འཇགས་གནས་བབ་ལ་དཔྱད་འཇོག་བྱས་པ་དང་། དམག་ཕྱོགས་ཀྱིས་མྱུར་མོར་ས་དེར་དམག་ཤུགས་མང་བོ་མངག་གཏོང་བྱེད་དགོས་པའི་རེ་བ་བཏོན། 

གཞན་ཡང་ཨ་ཧྥུའུ་ཧན་གྱི་རྒྱལ་སྲུང་བློན་ཆེན་པཱ་ཧི་ལཱ་མུས་ཀྱིས་ཚེས་བཅུ་གསུམ་ཉིན་སྨྱན་བྱད་ལ་བདེན་དཔང་བྱས་དོན། ཨ་ཧྥུའུ་ཧན་སྲིད་གཞུང་དམག་དཔུང་གིས་བསྟུད་མར་ཉིན་འགའི་རིང་ཤར་ཕྱོགས་ཀྱི་ཅཱ་ཙི་ནེ་ཞིང་ཆེན་གྱི་ལྟེ་གནས་གྲོང་ཁྱེར་ཅཱ་ཙི་ནེ་ནས་ཐཱ་ལེ་པན་དྲག་ཆས་པའི་བར་འཁྲུག་རྩོད་བྱས་ཏེ། ཐཱ་ལེ་པན་གྱི་དྲག་ཆས་ཉེས་ཅན་བརྒྱ་དང་གོ་བཞི་བསད་ཟེར། 

རྒྱུས་ལོན་བྱུང་བ་ལྟར་ན། བསྟུད་མར་ཉིན་འགའི་རིང་གི་འཁྲུག་རྩོད་ལས་མི་སྣ་མང་བོར་ཤི་རྨས་ཐེབས་པ་དང་། ཅཱ་ཙི་ནེ་གྲོང་ཁུལ་གྱི་བཟོ་བཀོད་མང་བོར་གཏོར་བརླག་ཐེབས་ཡོད། ཐཱ་ལེ་པན་གྱི་དྲག་ཆས་ཉེས་ཅན་སྐོར་ཞིག་ཚེས་བཅུ་གསུམ་ཉིན་གྱི་ཕྱི་དྲོ་ནས་བཟུང་གྲོང་ཁྱེར་ཕྱི་རོལ་དུ་གནས་སྤར་བཞིན་ཡོད་ཀྱང་། ཕྱོགས་གཉིས་ཀྱི་གྲོང་ཁུལ་གྱི་འཁྲུག་རྩོད་མཇུག་སྒྲིལ་མེད་པ་རེད།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།