ཀྲུང་གོ་བོད་ཀྱི་དྲ་བ།

འཇར་མན་གྱིས་པའོ་ཧེ་ཡིས་མུ་མཐུད་དུ་བཅོས་བསྒྱུར་བྱས་ཏེ་ཡོ་རོབ་གླིང་མནའ་འབྲེལ་དུ་ཞུགས་པའི་ཆ་རྐྱེན་ལ་བསླེབ་པར་བྱེད་དགོས་པའི་རེ་བ་བཏོན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-08-15
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། འཇར་མན་གྱི་ཙུང་ལི་མའོ་ཁི་ཨར་གྱིས་ཚེས་བཅུ་གསུམ་ཉིན་བཤད་རྒྱུར། འཇར་མན་པའོ་ཧེ་ཡི་མཉམ་ལས་གྲོགས་པོ་གལ་ཆེན་དུ་འགྱུར་སྲིད་པ་དང་། དེ་ཡོ་རོབ་གླིང་མནའ་འབྲེལ་དང་བྱང་ཆིངས་རྩ་འཛུགས་ནང་ཞུགས་པར་རྒྱབ་སྐྱོར་བྱེད་སྲིད་ཀྱང་། པའོ་ཧེ་ཡིས་ཡོ་རབ་གླིང་མནའ་འབྲེལ་གྱི་རེ་བ་ལྟར་མུ་མཐུད་དུ་བཅོས་བསྒྱུར་བྱེད་དགོས་ཟེར། 

མའོ་ཁི་ཨར་གྱིས་ིཉིན་དེར་འཚམས་འདྲིར་ཡོང་བའི་པའོ་ཧེའི་པུའུ་ཀྲང་གྲོས་ཚོགས་ཀྱི་ཀྲུའུ་ཞི་ཙི་ཝེ་ཙི་ཏིས་ཆི་དང་གྲོས་མོལ་བྱས། ཕྱོགས་གཉིས་ཀྱིས་པའོ་ཧེ་ཡོ་རོབ་གླིང་མནའ་འབྲེལ་དང་བྱང་ཆིངས་རྩ་འཛུགས་སུ་ཞུགས་པ་དང་། ཡུལ་གྱར་བ་དང་གནས་སྤོར་སྡོད་དམངས། པར་ཀན་ས་ཁུལ་ནུབ་མའི་མངའ་ཁོངས་རྩོད་གླེང་སོགས་གནད་དོན་ཐད་ནས་བསམ་འཆར་བརྗེ་རེས་བྱས། 

མའོ་ཁི་ཨར་གྱིས་གྲོས་མོལ་བྱས་རྗེས་སྤེལ་བའི་མཉམ་འབྲེལ་གྱི་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་བསྟན་དོན། འཇར་མན་གྱིས་པར་ཀན་ཕྱེད་གླིང་ནུབ་མའི་རྒྱལ་ཁབ་དག་ཡོ་རོབ་གླིང་མནའ་འབྲེལ་དུ་ཞུགས་པའི་འདོད་བློར་རྒྱབ་སྐྱོར་བྱེད་བཞིན་ཡོད། པའོ་ཧེ་ཡིས་ཡོ་རོབ་གླིང་མནའ་འབྲེལ་དུ་ཞུགས་པར་འབད་བརྩོན་བྱེད་བཞིན་ཡོད་ཀྱང་། ད་རུང་གནད་དོན་རེ་འགའ་ཐག་གཅོད་བྱེད་དགོས་ཟེར། ཁོ་མོས་པའོ་ཧེ་ཡིས་ཤུགས་ཚད་ཇེ་ཆེར་བཏང་ནས་རུལ་སུངས་ལ་བཀག་འགོག་བྱེད་པ་དང་རྩ་འཛུགས་ཡོད་པའི་ནག་ཉེས་ལ་ཆམ་ཕབ་གཏོང་རྒྱུའི་གྲོས་གཞི་བཏོན། 

ཙི་ཝེ་ཙི་ཏིས་ཆི་ཡིས་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་བཤད་རྒྱུར། པའོ་ཧེ་མཐའ་གཅིག་ཏུ་ཡོ་རོབ་གླིང་གི་བགྲོད་ལམ་དུ་བསྐྱོད་རྒྱུ་ཡིན་པ་དང་། པའོ་ཧེ་ཡིས་ཡོ་རོབ་གླིང་མནའ་འབྲེལ་ནང་ཞུགས་པའི་ཐད་ཀྱི་དམ་བཅའ་ཚང་མ་མངོན་འགྱུར་བྱས་ཡོད་ཟེར།
དེ་ལས་གཞན་རྒྱལ་ཁབ་གཉིས་ཀྱི་སྲིད་གཞུང་གི་མགོ་གཙོས་ཐུན་མོང་གིས་བསྟན་དོན། ཕྱོགས་གཉིས་ཀྱིས་ཁྲིམས་འགལ་གནས་སྤོར་སྡོད་དམངས་གནད་དོན་ཐད་ནས་མཉམ་ལས་ཟབ་མོ་བྱེད་རྒྱུ་ཡིན། མའོ་ཁི་ཨར་གྱིས་ནན་གྱིས་བསྟན་དོན། ཁྲིམས་འགལ་གནས་སྤོར་སྡོད་དམངས་ཡོ་རོབ་གླིང་དུ་ཡོང་མི་རུང་ཟེར། 

པའོ་ཧེ་ཡིས་ཉིས་སྟོང་བཅུ་དྲུག་ལོའི་ཟླ་གཉིས་པའི་ཚེས་བཅོ་ལྔ་ཉིན་ཡོ་རོབ་གླིང་མནའ་འབྲེལ་དུ་ཞུགས་པའི་རེ་ཞུ་བཏོན་པ་དང་། མིག་སྔར་ད་རུང་ཡོ་རོབ་གླིང་མནའ་འབྲེལ་གྱི་འདེམ་སྒུག་རྒྱལ་ཁབ་ཀྱི་གོ་གནས་ཐོབ་མེད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།