ཀྲུང་གོ་བོད་ཀྱི་དྲ་བ།

ཆིན་ཝ་ཐེ་ཡིས་ཧན་གོ་དང་ཁྲའོ་ཞན་གྱི་མགོ་གཙོའི་ཕེན་རང་གི་གྲོས་མོལ་ནས་གྲོས་གཞི་ཆེན་པོ་གསུམ་ལ་གཅིག་བསྡུས་སུ་གྲོས་བསྡུར་བྱེད་རྒྱུ་ཡིན་པར་བཤད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-09-18
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཧན་གོའི་ཙུང་ཐུང་བཞུགས་ཤག་ཆིན་ཝ་ཐེའི་དྲུང་ཡིག་ཁང་གི་མགོ་བ་རིན་ཀྲུང་ཞི་ཡིས་ཚེས་བཅུ་བདུན་ཉིན་ཧྲིག་ཨར་ནས་བསྟན་དོན། མི་འགྱངས་པར་སྤེལ་རྒྱུ་ཡིན་པའི་ཧན་གོ་དང་ཁྲའོ་ཞན་གྱི་མགོ་གཙོའི་ཕེན་རང་གི་གྲོལ་མོལ་ནས་ཧན་གོ་དང་ཁྲའོ་ཞན་གྱི་འབྲེལ་བ་དང་། ཁྲའོ་ཞན་དང་ཨ་མེ་རི་ཁའི་གྲོས་མོལ་ལ་ཡར་སྐུལ་གཏོང་བ། ཕྱེད་གླིང་གི་དམག་དོན་གྱི་ཛ་དྲག་གནས་བབ་ཞི་འཇགས་སུ་གཏོང་བ་བཅས་གྲོས་གཞི་ཆེན་པོ་གསུམ་ལ་གཅིག་བསྡུས་སུ་གྲོས་བསྡུར་བྱེད་རྒྱུ་རེད་ཟེར།

རིན་ཀྲུང་ཞི་ཡིས་ཉིན་དེར་ཧན་གོ་དང་ཁྲའོ་ཞན་གྱི་མགོ་གཙོའི་ཕེན་རང་གི་གྲོས་མོལ་གྱི་ཧྲིག་ཨར་སྨྱན་བྱད་ལྟེ་གནས་ནས་ཧན་གོའི་ཙུང་ཐུང་ཝུན་ཙེ་ཡུན་གྱིས་ཁྲའོ་ཞན་ལ་འཚམས་འདྲི་བྱེད་པའི་ཉིན་རིམ་གཙོ་བོ་དང་ཐེངས་འདིའི་གྲོས་མོལ་གྱི་གྲོས་གཞི་མཚམས་སྦྱོར་བྱས། ཁོས་བཤད་རྒྱུར། དེ་ནི་མགོ་ཁྲིད་པ་གཉིས་ཀྱིས་ད་ལོའི་ཚུན་གྱི་གྲོས་མོལ་ཐེངས་གསུམ་པ་ཡིན་ལ། དེ་ལས་ཧན་གོ་དང་ཁྲའོ་ཞན་གྱི་མགོ་གཙོའི་བར་གྱི་གྲོས་མོལ་དེ་རྒྱུན་ལྡན་ཅན་དུ་འགྱུར་བཞིན་ཡོད་པ་གསལ་བཤད་བྱས་ཡོད་པས། དེར་དོན་སྙིང་གལ་ཆེན་ལྡན་ཟེར། 

རིན་ཀྲུང་ཞི་ཡིས་བཤད་རྒྱུར། ཝུན་ཙེ་ཡུན་ཚེས་བཅོ་བརྒྱད་ཉིན་གྱི་སྔ་དྲོར་གནམ་གྲུར་བསྡད་དེ་ཕེན་རང་དུ་འགྲོ་རྒྱུ་ཡིན་པ་དང་། གུང་ཟས་ཀྱི་རྗེས་སུ་ཁྲའོ་ཞན་གྱི་ཆེས་མཐོའི་མགོ་ཁྲིད་པ་ཅིན་ཀྲིན་ཨིན་དང་མཉམ་དུ་གྲོས་མོལ་བྱེད་རྒྱུ་རེད། ཚེས་བཅུ་དགུ་ཉིན། ཁོང་གཉིས་ཀྱིས་མུ་མཐུད་དུ་གྲོས་མོལ་བྱེད་རྒྱུ་རེད། གལ་ཏེ་ལེགས་འགྲུབ་བྱུང་ན། མཉམ་དུ་གསར་འགོད་པའི་སྣེ་ལེན་ཚོགས་འདུ་སྤེལ་ནས་གྲོས་མོལ་གྱི་གྲུབ་འབྲས་ཁྱབ་སྒྲོག་བྱེད་པའི་རེ་བ་ཡོད་ཀྱང་། བྱེ་བྲག་གི་ཉིན་རིམ་དེ་ཕྱོགས་གཉིས་ཀྱི་ཡུལ་དངོས་ཀྱི་གྲོས་མོལ་གནས་ཚུལ་ལ་གཞིགས་ཏེ་འགྱུར་ལྡོག་འབྱུང་སྲིད་ཟེར། 

རིན་ཀྲུང་ཞི་ཡིས་བཤད་རྒྱུར། པན་མིན་ཏེན་གྱི་བསྒྲགས་གཏམ་ནི་ཧན་གོ་དང་ཁྲའོ་ཞན་གྱི་འབྲེལ་བ་ལེགས་བཅོས་བྱེད་པ་དང་འཕེལ་རྒྱས་སུ་གཏོང་བའི་རྩ་འཛིན་གལ་ཆེན་ཞིག་ཡིན། ཧན་གོ་དང་ཁྲའོ་ཞན་གྱི་མགོ་ཁྲིད་པས་པན་མིན་ཏེན་གྱི་བསྒྲགས་གཏམ་ལག་བསྟར་བྱེད་པར་ཁས་ལེན་བྱེད་དགོས་པ་དང་། བླངས་པའི་གྲུབ་འབྲས་ཀྱི་རྨང་གཞིའི་སྟེང་བྱེ་བྲག་གི་རྒྱུན་མཐུད་འཕེལ་རྒྱས་ཁ་ཕྱོགས་ལ་གྲོས་བསྡུར་བྱེད་དགོས། ཐེངས་འདིའི་གྲོས་མོལ་གྱི་གྲོས་གཞི་གཉིས་པ་ནི་ཁྲའོ་ཞན་དང་ཨ་མེ་རི་ཁའི་གྲོས་མོལ་ལ་བར་འདུམ་དང་ཡར་སྐུལ་གཏོང་རྒྱུ་དེ་ཡིན། ཧུར་ཐག་སྒོས་ཁྲའོ་ཞན་དང་ཨ་མེ་རི་ཁས་ལྷག་བསམ་རྣམ་པར་དག་པའི་གྲོས་མོལ་སླར་གསོ་བྱས་ཏེ། ཁྲའོ་ཞན་ཕྱེད་གླིང་དུ་ཉིང་རྡུལ་ནུས་པ་མེད་པར་གཏོང་བར་སྐུལ་འདེད་གཏོང་རྒྱུ་རེད་ཟེར། 

རིན་ཀྲུང་ཞི་ཡིས་བཤད་རྒྱུར། ཐེངས་འདིའི་ཧན་གོ་དང་ཁྲའོ་ཞན་གྱི་མགོ་གཙོའི་གྲོས་མོལ་ནས་ད་རུང་ལྷོ་བྱང་གི་དམག་དོན་ཛ་དྲག་གནས་བབ་ཞི་འཇགས་སུ་གཏོང་བ་དང་འཐབ་འཁྲུག་གི་འཇིགས་ཉེན་མེད་པར་གཏོང་བའི་གྲོས་གཞིར་གྲོས་བསྡུར་བྱེད་རྒྱུ་ཡིན་པ་དང་། ཧན་གོ་དང་ཁྲའོ་ཞན་གྱིས་དམག་དོན་གྱི་ཛ་དྲག་གནས་བབ་ཞི་འཇགས་སུ་གཏོང་བ་དང་ཡིད་ཆེས་འཛུགས་པའི་ཕྱོགས་བསྡུས་རང་བཞིན་གྱི་གྲོས་མཐུན་འགོད་པར་ཡར་སྐུལ་བཏང་སྟེ། རྩ་བའི་སྟེང་ནས་ཕྱེད་གླིང་གི་དམག་དོན་འཁྲུག་རྩོད་ཀྱི་ཉེན་ཁ་མེད་པར་བཏང་ནས་ཕྱེད་གླིང་གི་ཞི་བདེ་འཛུགས་པར་ཆ་རྐྱེན་བསྐྲུན་དགོས་ཟེར། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།