ཀྲུང་གོ་བོད་ཀྱི་དྲ་བ།

​ཐལ་སྤྱོད་དྲག་ཆས་རྩ་འཛུགས་ཀྱིས་ཨུ་རུ་སི་དང་ཐུར་ཁེས་སི་རི་ཡཱའི་དབྱེ་ཏི་ལེ་པུའུ་ནས་དམག་དོན་མིན་པའི་ས་ཁུལ་འཛུགས་པར་རྒོལ་ལན་སྤྲོད་རྒྱུའི་ཚུལ་བསྟན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-09-26
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  སི་རི་ཡཱའི་དབྱེ་ཏི་ལེ་པུའུ་ཞིང་ཆེན་དུ་འགུལ་སྐྱོད་བྱེད་པའི་སི་རི་ཡཱ་བཅིངས་འགྲོལ་གཏོང་བའི་མནའ་འབྲེལ་ཞེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་དྲག་ཆས་པས་ཚེས་ཉེར་བཞིའི་ཉིན་བཤད་རྒྱུར། ཉིན་འགའི་ནང་ཨུ་རུ་སི་དང་ཐུར་ཁེ་ཡིས་དབྱེ་ཏི་ལེ་པུའུ་ཞིང་ཆེན་ནས་དམག་དོན་མིན་པའི་ས་ཁུལ་འཛུགས་པར་རྒོལ་ལན་སྤྲོད་རྒྱུ་ཡིན་ཟེར། 

དབྱེ་ཏི་ལེ་པུའུ་ཞིང་ཆེན་དང་ཉེ་འཁོར་ས་ཁུལ་ནི་སི་རི་ཡཱའི་ངོ་རྒོལ་ཕྱོགས་ཁག་གི་དྲག་ཆས་པ་དང་ཐལ་སྤྱོད་རྩ་འཛུགས་ཀྱི་དྲག་ཆས་པའི་ཆེས་མཇུག་མཐའི་འགུལ་སྐྱོད་བྱེད་ས་ཡིན་པ་དང་། ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་དང་ཐུར་ཁེའི་ཙུང་ཐུང་ཨེ་ཨར་ཏའོ་ཨན་གྱིས་ཚེས་བཅུ་བདུན་ཉིན་གྲོས་མོལ་བྱས་རྗེས་ཁྱབ་སྒྲོག་བྱས་དོན། ཟླ་བཅུ་བའི་ཚེས་བཅོ་ལྔ་ཉིན་གྱི་སྔོན་ལ་དབྱེ་ཏི་ལེ་པུའུ་ཞིང་ཆེན་དུ་དམག་དོན་མིན་པའི་ས་ཁུལ་འཛུགས་རྒྱུ་ཐག་བཅད་ཡོད་ཟེར། 

ཨུ་རུ་སི་དང་ཐུར་ཁེ་ཡིས་གྲོས་མོལ་བྱས་ཏེ། དམག་དོན་མིན་པའི་ས་ཁུལ་དེའི་ཞེང་ཚད་ལ་སྤྱི་ལེ་བཅོ་ལྔ་ནས་ཉི་ཤུ་ཡོད་པ་དང་། ངོ་རྒོལ་ཕྱོགས་ཁག་གི་དྲག་ཆས་པ་དམག་དོན་མིན་པའི་ས་ཁུལ་དུ་བསྡད་ཆོག་ཀྱང་། ངེས་པར་དུ་ཟླ་བཅུ་བའི་ཚེས་བཅུ་ཉིན་གྱི་སྔོན་ལ་མཚོན་ཆ་ཆེ་གྲས་སྤྲོད་དགོས་ལ། སི་རི་ཡཱ་བཅིངས་འགྲོལ་གཏོང་བའི་མནའ་འབྲེལ་སོགས་ཐལ་སྤྱོད་རྩ་འཛུགས་ངེས་པར་དུ་དམག་དོན་མིན་པའི་ས་ཁུལ་དང་འབྲལ་དགོས་པའི་གྲོས་ཐག་བཅད་ཡོད། 

སི་རི་ཡཱ་བཅིངས་འགྲོལ་གཏོང་བའི་མནའ་འབྲེལ་གྱི་མགྲིན་ཚབ་པས་ཚེས་ཉེར་བཞིའི་ཉིན་བཤད་རྒྱུར། རྩ་འཛུགས་དེས་ཉིན་འགའི་ནང་ཨུ་རུ་སི་དང་ཐུར་ཁེའི་དམག་དོན་མིན་པའི་ས་ཁུལ་གྱི་གྲོས་ཆོད་ལ་དངོས་སུ་རྒོལ་ལན་སྤྲོད་རྒྱུ་ཡིན་ཟེར། 

སི་རི་ཡཱ་བཅིངས་འགྲོལ་གཏོང་བའི་མནའ་འབྲེལ་དེ་ཉིས་སྟོང་བཅུ་བདུན་ལོར་བཙུགས་པ་དང་། དེའི་སྙིང་བོའི་རྩ་འཛུགས་ནི་དབང་བསྡུའི་འཐབ་ཕྱོགས་ཡིན་པ་རེད། 

གལ་ཏེ་ཐལ་སྤྱོད་རྩ་འཛུགས་ཀྱི་དྲག་ཆས་པ་དམག་དོན་མིན་པའི་ས་ཁུལ་དང་འབྲལ་བར་ཁས་ལེན་མ་བྱས་ན། སི་རི་ཡཱའི་སྲིད་གཞུང་དམག་དཔུང་གིས་དཔུང་འཇུག་བྱེད་ངེས་རེད། 


རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།