ཀྲུང་གོ་བོད་ཀྱི་དྲ་བ།

​ཨ་ཧྥུའུ་ཧན་སྲིད་གཞུང་གིས་ཀྲུང་གོས་རྒྱབ་སྐྱོར་དང་རོགས་རམ་བྱས་པར་གཟེངས་བསྟོད་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-09-27
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཨ་ཧྥུའུ་ཧན་གྱི་ཕྱི་འབྲེལ་བློན་ཆེན་ཚབ་མ་ཁཱ་ཨར་ཀྲ་དབྱེ་ཡིས་ཚེས་ཉེར་ལྔ་ཉིན་བསྟན་དོན། ཨ་ཧྥུའུ་ཧན་གྱིས་ནམ་རྒྱུན་ཀྲུང་གོའི་བར་གྱི་སྲོལ་རྒྱུན་མཛའ་བརྩེ་ལ་མཐོང་ཆེན་བྱེད་བཞིན་ཡོད་ཅིང་། ཐོག་མཐའ་བར་གསུམ་དུ་ཀྲུང་གོ་ནི་ཡིད་རྟོན་རུང་བའི་ཁྱིམ་མཚེས་བཟང་བོ་དང་གྲོགས་པོ་བཟང་བོར་བརྩིས་ཡོད་ལ། ཀྲུང་གོས་དུས་ཡུན་རིང་བོར་ཨ་ཧྥུའུ་ཧན་ཕྱོགས་ལ་རྒྱབ་སྐྱོར་དང་རོགས་རམ་བྱས་པར་བཀའ་དྲིན་ཞུ་བཞིན་ཡོད་ཟེར། 

ཁཱ་ཨར་ཀྲ་དབྱེ་ཡིས་ཉིན་དེར་ཨ་ཧྥུའུ་ཧན་དུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཁང་གི་རྒྱལ་སྟོན་སྣེ་ལེན་ཚོགས་འདུའི་སྟེང་ཞུ་ཚིག་ཕུལ་ཏེ། ཨ་ཧྥུའུ་ཧན་དང་ཀྲུང་གོ་རྒྱལ་ཁབ་གཉིས་བར་མཛའ་མཐུན་ལོ་རྒྱུས་ཡུན་རིང་ལྡན་པ་དང་། ཀྲུང་གོས་ཐོག་མཐའ་བར་གསུམ་དུ་ཨ་ཧྥུའུ་ཧན་གྱི་མིས་གཙོ་ཁྲིད་བྱེད་པ་དང་ཨ་ཧྥུའུ་ཧན་གྱི་མི་ཚང་མར་དབང་བའི་ཞི་བདེ་འགྲིག་མཐུན་དང་དཔལ་འབྱོར་བསྐྱར་འཛུགས་ཀྱི་འཕེལ་རིམ་ལ་རྒྱབ་སྐྱོར་བྱས་པར་ཨ་ཧྥུའུ་ཧན་གྱིས་བཀའ་དྲིན་ཞུ་བཞིན་ཡོད་ཟེར། 

ཁཱ་ཨར་ཀྲ་དབྱེ་ཡིས་བཤད་རྒྱུར། ཨ་ཧྥུའུ་ཧན་ནི་ཀྲུང་གོའི་འཐབ་ཇུས་མཉམ་ལས་གྲོགས་པོ་ཡིན་པ་དང་། རྒྱལ་ཁབ་གཉིས་ཀྱི་ས་ཁོངས་ཕན་ཚུན་འབྲེལ་བ་དང་། རིག་གནས་ཕན་ཚུན་འདྲེས་ཡོད་ལ། དཔལ་འབྱོར་ཉོ་ཚོང་གཅིག་ལ་གཅིག་བརྟེན་ཡིན་པར་མ་ཟད། རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་ཐུན་མོང་གི་རིན་ཐང་ལྟ་བ་ཡོད། ཀྲུང་གོས་བཏོན་པའི་ཀྲུང་གོ་དང་ཨ་ཧྥུའུ་ཧན། ཕཱ་ཁི་སི་ཐན་བཅས་ཕྱོགས་གསུམ་གྱི་ཕྱི་འབྲེལ་བློན་ཆེན་གྱི་གྲོས་མོལ་ལ་ཨ་ཧྥུའུ་ཧན་གྱིས་མཐོང་ཆེན་བྱེད་བཞིན་ཡོད་པ་དང་། ཨ་ཧྥུའུ་ཧན་གྱི་ཞི་བདེའི་འཕེལ་རྒྱས་ལས་དོན་ཁྲོད་ཤུགས་རྐྱེན་གལ་ཆེན་འདོན་སྤེལ་བྱེད་རྒྱུ་ཡིན་ལ། སྔར་ལས་ལྷག་པའི་སྒགོ་ནས་ས་ཁུལ་རང་གི་ཞི་བདེ་དང་གཏན་འཇགས། འཕེལ་རྒྱས་བཅས་ལ་ཡར་སྐུལ་གཏོང་བར་ཕན་ཐོགས་ཡོད་ཟེར། 

ཨ་ཧྥུའུ་ཧན་ཕྱི་འབྲེལ་པུའུ་སོགས་སྲིད་གཞུང་སྡེ་ཁག་གི་དཔོན་རིགས་དང་། ཨ་ཧྥུའུ་ཧན་དུ་སྡོད་པའི་རྒྱལ་ཁབ་སོ་སོའི་གཞུང་ཚབ་ཆེན་མོ། རྒྱལ་སྤྱིའི་རྩ་འཛུགས་ཀྱི་ཨ་ཧྥུའུ་ཧན་དུ་སྡོད་པའི་འགན་ཁུར་བ། དེ་མིན་ཁཱ་པོར་སློབ་ཆེན་ཁུང་ཙི་སློབ་གླིང་གི་དགེ་སློབ་ཀྱི་འཐུས་མི་སོགས་མི་བརྒྱ་དང་བརྒྱད་ཅུ་ཉིན་དེའི་བྱ་འགུལ་ལ་ཞུགས། 


རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།