ཀྲུང་གོ་བོད་ཀྱི་དྲ་བ།

ཕཱ་ལེ་སི་ཐན་གྱི་མི་བདུན་འཁྲུག་རྩོད་ཁྲོད་དབྱི་སི་རལ་གྱི་དམག་མིས་བསད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-09-29
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཕཱ་ལེ་སི་ཐན་གྱི་མི་མང་བོས་ཚེས་ཉེར་བརྒྱད་ཉིན་ཅཱ་ཧྲས་ཁུལ་ནས་དབྱི་སི་རལ་དང་འབྲེལ་བའི་ས་ཁུལ་ནས་ངོ་རྒོལ་བྱ་འགུལ་སྤེལ་སྐབས་དབྱི་སི་རལ་གྱི་དམག་མིའི་བར་འཁྲུག་རྩོད་བྱུང་སྟེ། ཕཱ་ལེ་སི་ཐན་གྱི་མི་བདུན་ལ་དབྱི་སི་རལ་དམག་མིས་མེ་མདས་བརྒྱབ་སྟེ་རྐྱེན་ལམ་དུ་ཤོར། 

ཉིན་དེར་ཕཱ་ལེ་སི་ཐན་གྱི་མི་མང་བོ་ཅཱ་ཧྲ་ས་ཁུལ་གྱི་དབྱི་སི་རལ་དང་འབྲེལ་བའི་ས་ཁུལ་དུ་འདུས་ཏེ་ངོ་རྒོལ་བྱ་འགུལ་སྤེལ། རྔམ་སྟོན་ཁྲོམ་སྐོར་མཁན་རེ་འགས་རྡོ་དང་འབར་སྣུམ་གྱི་དམ་བེ་སོགས་བཀོལ་ནས་ཕར་རྒོལ་བྱས་པ་དང་། མི་རེ་འགས་མཐའ་མཚམས་ཀྱི་བར་བཅད་ལ་གཏོར་བརླག་བྱེད་རྩིས་བྱས། དབྱི་སི་རལ་གྱི་དམག་མིས་རྔམ་སྟོན་ཁྲོམ་སྐོར་བྱེད་མཁན་གྱི་མི་ཚོགས་ལ་དུད་འཕྱུར་འགད་རྫས་གཏོང་འཕེན་བྱས་པ་དང་། མེ་མདས་བརྒྱབ་པ་རེད། 

ཕཱ་ལེ་སི་ཐན་འཕྲོད་བསྟེན་པུའུ་ཡིས་ཅཱ་ཧྲ་ས་ཁུལ་གྱི་མགྲིན་ཚབ་པ་ཁཱ་ཏི་ལཱ་ཡིས་གསལ་སྒྲོག་སྤེལ་ཏེ། ཕཱ་ལེ་སི་ཐན་གྱི་མི་བདུན་ལ་འཁྲུག་རྩོད་ཁྲོད་དབྱི་སི་རལ་གྱི་དམག་མིས་མེ་མདས་བརྒྱབ་སྟེ་རྐྱེན་ལམ་དུ་ཤོར་བ་དང་། དེའི་ནང་ནར་སོན་མེད་པའི་མི་གཉིས་ཡོད་ཟེར། འཁྲུག་རྩོད་ལས་ད་རུང་ཕཱ་ལེ་སི་ཐན་གྱི་མི་ལྔ་བརྒྱ་དང་དྲུག་ལ་རྨས་ཕོག་ཡོད་ཟེར། 

དབྱི་སི་རལ་རྒྱལ་སྲུང་དམག་དཔུང་གིས་ཚེས་ཉེར་བརྒྱད་ཉིན་གསལ་སྒྲོག་སྤེལ་ཏེ། ཉིན་དེའི་ཕྱི་དྲོར། ཕཱ་ལེ་སི་ཐན་གྱི་མི་ཁྲི་གཉིས་ཙམ་གྱིས་ཅཱ་ཧྲའི་མཐའ་མཚམས་ས་ཁུལ་ནས་རྔམ་སྟོན་ཁྲོམ་སྐོར་བྱ་འགུལ་སྤེལ། རྔམ་སྟོན་ཁྲོམ་སྐོར་བྱེད་མཁན་གྱིས་རྡོ་དང་ལག་འབོམ་སོགས་བཀོལ་ནས་ཕར་རྒོལ་བྱས། དེའི་ལན་དུ་དབྱི་སི་རལ་གྱི་འཐབ་འཛིང་གནམ་གྲུས་ཕཱ་ལེ་སི་ཐན་དབྱི་སི་ལན་འགོག་རྒོལ་རྩ་འཛུགས་ཧཱ་མཱ་སིའི་ཅཱ་ཧྲ་ས་ཁུལ་བྱང་ངོས་ཀྱི་སོ་ལྟ་ཁང་ཞིག་གཏོར་བ་རེད་ཟེར། གསལ་སྒྲོག་ལས་བཤད་རྒྱུར། དེ་ནི་དབྱི་སི་རལ་གྱི་འཐབ་འཛིང་གནམ་གྲུས་ཉིན་དེར་ཐེངས་གཉིས་པར་ཅཱ་ཧྲ་ས་ཁུལ་གྱི་དམིགས་འབེན་ལ་འཇབ་རྒོལ་བྱས་པ་རེད་ཟེར། 


རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།