ཀྲུང་གོ་བོད་ཀྱི་དྲ་བ།

འཇར་མན་གྱི་ཕྱི་འབྲེལ་བློན་ཆེན་གྱིས་ཕྱོགས་མང་རིང་ལུགས་དང་རྒྱལ་ཁབ་བདག་དབང་ལ་འགལ་བ་མེད་པ་ནན་བཤད་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-09-30
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། འཇར་མན་གྱི་ཕྱི་འབྲེལ་བློན་ཆེན་མཱ་སི་ཡིས་ཟླ་དགུ་བའི་ཚེས་ཉེར་བརྒྱད་ཉིན་མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་གྱི་སྤྱིར་བཏང་གི་དཔྱད་གླེང་ཚོགས་འདུའི་སྟེང་གཏམ་བཤད་སྤེལ་སྐབས་བསྟན་དོན། ཕྱོགས་མང་རིང་ལུགས་དང་རྒྱལ་ཁབ་ཀྱི་བདག་དབང་བར་འགལ་བ་མེད་ཟེར། 

མཱ་ཆི་ཡིས་གཏམ་བཤད་སྤེལ་སྐབས། ཡོ་རོབ་གླིང་གི་ཉམས་མྱོང་ལས་ཕྱོགས་མང་རིང་ལུགས་དང་རྒྱལ་ཁབ་བདག་དབང་ཕན་ཚུན་འགལ་ཟླ་མིན་པ་དང་། འཛམ་གླིང་ཛ་དྲག་གི་འགྲན་རྩོད་ལ་འཕྲད་པའི་གནས་ཚུལ་འོག རྒྱལ་ཁབ་སོ་སོས་མཉམ་ལས་བྱས་ན་ད་གཟོད་རང་རང་གི་བདག་དབང་ལ་སྲུང་སྐྱོབ་བྱེད་ཐུབ་པ་ར་སྤྲོད་བྱས་ཡོད་ཟེར། ཁོས་བཤད་རྒྱུར། ཡོ་རོབ་གླིང་གིས་འཛམ་གླིང་འཁྲུག་ཆེན་གཉིས་པའི་ཞིག་རོའི་ཁྲོད་ནས་མཉམ་འབྲེལ་བྱས་ཏེ་རང་དབང་དང་བདེ་འཇགས། དར་རྒྱས་བཅས་ཐོབ་པའི་རྒྱུ་མཚན་ནི་ཡོ་རོབ་གླིང་གི་རྒྱལ་ཁབ་དག་ལ་འགྲིག་མཐུན་འཚོལ་བསྙེག་བྱེད་པའི་བློ་སྤོབས་ཡོད་པས་ཡིན་ལ། ཡོ་རོབ་གླིང་དེ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འབྲེལ་བ་ཟབ་པའི་གྲོགས་པོར་གྱུར་བ་ལས་ཕྱོགས་མང་རིང་ལུགས་ཀྱི་རྒྱལ་ཁ་མཚོན་ཡོད། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་རྒྱལ་སྤྱིའི་མཉམ་ལས་ལ་བརྟེན་ནས་ང་ཚོའི་ལས་དབང་བཅོས་བསྒྱུར་བྱེད་ཐུབ་པར་ང་ཚོར་ཡིད་ཆེས་ཡོད་ཟེར། 

མཱ་སི་ཡིས་བཤད་རྒྱུར། ཕྱོགས་མང་རིང་ལུགས་མིག་སྔར་ཉམས་ཉེན་ལ་འཕྲད་ཡོད་པ་དང་། ཉམས་ཉེན་དེ་ལས་འཁྲུག་རྩོད་མང་བོ་ཞི་འཇགས་སུ་གཏོང་དཀའ་བར་གྱུར་ཡོད། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཉམས་མྱོང་ལས་བདེན་དཔང་བྱས་པ་ལྟར་ན། ལྟ་ཚུལ་གཅིག་གྱུར་འབྱུང་དཀའ་ཡང་། ཐུན་མོང་གིས་འབད་བརྩོན་བྱས་ན་གྲུབ་འབྲས་ཆེན་པོ་ལོན་ཐུབ་ངེས་རེད་ཟེར།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།