ཀྲུང་གོ་བོད་ཀྱི་དྲ་བ།

ཨ་ཧྥུའུ་ཧན་གྱི་རྒྱལ་སར་མུ་འབྲེལ་འགས་གཏོར་འཇབ་རྒོལ་དོན་རྐྱེན་བྱུང་སྟེ་མི་བཅུ་གཅིག་ལ་ཤི་རྨས་ཐེབས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-10-07
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཨ་ཧྥུའུ་ཧན་གྱི་རྒྱལ་ས་ཁཱ་པོར་ཉེན་རྟོག་ཕྱོགས་ཀྱིས་ཚེས་དྲུག་ཉིན་གསར་འགྱུར་ལས་རིགས་ལ་བདེན་དཔང་བྱས་དོན། གྲོང་ཁྱེར་དེ་ནས་ཉིན་དེའི་སྔ་དྲོར་མུ་འབྲེལ་འགས་གཏོར་འཇབ་རྒོལ་དོན་རྐྱེན་བྱུང་སྟེ། ཉུང་མཐར་ཡང་མི་གཉིས་རྐྱེན་ལམ་དུ་ཤོར་བ་དང་། གཞན་ཡང་མི་དགུར་རྨས་ཕོག་ཡོད་ཟེར། 

ཁཱ་པོར་ཉེན་རྟོག་ཕྱོགས་ཀྱི་མགྲིན་ཚབ་པ་མུའུ་ཅཱ་ཞེ་ཏི་ཡིས་བསྟན་དོན། འགས་གཏོར་འཇབ་རྒོལ་དོན་རྐྱེན་དེ་རྒྱལ་སའི་ཉེན་རྟོག་ས་ཁུལ་བཅུ་གཉིས་པར་བྱུང་། འགས་གཏོར་ཐོག་མ་དེ་སྔ་དྲོའི་དུས་ཚོད་བརྒྱད་ཡས་མས་སུ་བྱུང་བ་དང་། ལམ་འགྲམ་འགད་རྫས་འགས་གཏོར་བྱུང་བ་རེད། འཇབ་རྒོལ་བྱེད་སའི་དམིགས་འབེན་ནི་ལམ་དེ་བརྒྱུད་པའི་ས་དེའི་དམག་ཕྱོགས་ཀྱི་རླངས་འཁོར་ཡིན་པ་དང་། འགས་གཏོར་ཐེངས་གཉིས་པ་དེ་འགས་གཏོར་ཐོག་མ་བྱུང་རྗེས་ཡུལ་དངོས་སུ་འབྱོར་བའི་ཉེན་རྟོག་པ་དང་རྒུད་སྐྱོབ་མི་སྣར་དམིགས་པ་རེད་ཟེར། 
མུའུ་ཅཱ་ཞེ་ཏི་ཡིས་བསྟན་དོན། རྐྱེན་ལམ་དུ་ཤོར་བའི་མི་གཉིས་ནི་ཉེན་རྟོག་པ་ཡིན་པ་དང་། རྨས་མའི་ཁྲོད་ཉེན་རྟོག་པ་དྲུག་དང་མི་སེར་དཀྱུས་མ་གསུམ་ཡོད། མིག་སྔར་རྩ་འཛུགས་གང་རུང་གིས་དོན་རྐྱེན་དེ་བཟོས་པ་ཁས་ལེན་བྱས་མེད་ལ། ཉེན་རྟོག་ཕྱོགས་ཀྱིས་དོན་རྐྱེན་དེར་རྟོག་ཞིབ་བྱེད་བཞིན་ཡོད་ཟེར།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།