ཀྲུང་གོ་བོད་ཀྱི་དྲ་བ།

མེ་གླིང་དབུས་མར་དྲག་ཆར་བབས་ཏེ་ཉུང་མཐར་ཡང་མི་བཅུ་གཉིས་རྐྱེན་ལམ་དུ་ཤོར།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-10-09
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མེ་གླིང་དབུས་མའི་རྒྱལ་ཁབ་མང་བོའི་སྲིད་གཞུང་གི་འབྲེལ་ཡོད་སྡེ་ཁག་གིས་ཚེས་བདུན་ཉིན་བཤད་རྒྱུར། བསྟུད་མར་ཉིན་འགའི་རིང་དྲག་ཆར་བབས་ཏེ་ནི་ཁཱ་རཱ་ཀྭ་དང་ཧོང་ཏུ་རཱ་སི། སར་ཝ་ཏའོ། ཝེ་ཏི་མཱ་ལཱ། ཁོ་སི་ཐཱ་རེ་ཁཱ་སོགས་མེ་གླིང་དབུས་མའི་རྒྱལ་ཁབ་དག་ནས་ཉུང་མཐར་ཡང་མི་བཅུ་གཉིས་རྐྱེན་ལམ་དུ་ཤོར་བ་དང་། མི་ཁྲི་ཕྲག་འགའ་ལ་གནོད་པ་ཐེབས་ཡོད་ཟེར། ཚོད་དཔག་བྱས་ན་དྲག་ཆར་འབབ་པའི་ནམ་ཟླས་མུ་མཐུད་དུ་ས་ཁུལ་དེར་གནོད་པ་བཟོ་ངེས་རེད། 

ནི་ཁཱ་རཱ་ཀྭ་རྒྱལ་ཁབ་གནོད་འཚེ་སྔོན་དཔག་འགོག་སྲུང་སྡེ་ཁག་གིས་བཤད་རྒྱུར། རྒྱལ་ཁབ་དེའི་སྤྱི་དམངས་བཞི་དྲག་ཆར་ཁྲོད་རྐྱེན་ལམ་དུ་ཤོར་བ་དང་། གཞན་ཡང་མི་ཁྲི་གཅིག་དང་སྟོང་གསུམ་ལ་གནོད་འཚེ་ཐེབས་ཡོད་ཟེར། མིག་སྔར་ནི་ཁཱ་རཱ་ཀྭ་རུ་མུ་མཐུད་དུ་དྲག་ཆར་འབབ་པའི་ཉེན་བརྡ་བཏང་ཡོད་པ་དང་། སྲིད་གཞུང་གིས་མང་ཚོགས་དག་ལ་དྲག་ཆར་བསྟུད་མར་དུས་ཚོད་ཉེར་བཞིའི་རིང་འབབ་རྒྱུ་ཡིན་ལ། ཆུ་ལོག་སོགས་འབྱུང་སྲིད་པའི་ཉེན་བརྡ་བཏང་ཡོད་ཟེར། 

ཧོང་ཏུ་རཱ་སིའི་ཐོལ་བྱུང་དོན་རྐྱེན་ཨུ་ཡོན་ལྷན་ཁང་གིས་བཤད་རྒྱུར། དྲག་ཆར་ལས་མི་དྲུག་རྐྱེན་ལམ་དུ་ཤོར་བ་དང་མི་སྟོང་བདུན་ལ་གནོད་འཚེ་ཐེབས་ཡོད་ཟེར། 

སར་ཝ་ཏའོ་དམངས་སྲུང་སྡེ་ཁག་གིས་བཤད་རྒྱུར། དྲག་ཆར་དེ་ལས་ཉུང་མཐར་ཡང་མི་གཉིས་རྐྱེན་ལམ་དུ་ཤོར་བ་དང་། མི་བཅུ་ལ་རྨས་ཕོག་ཡོད་ཟེར། 

གཞན་ཡང་ཝེ་ཏི་མཱ་ལཱ་སྲིད་གཞུང་གིས་བྱིས་པ་བཅུ་གཅིག་དྲག་ཆར་ཁྲོད་གར་སོང་མ་རྙེད་པ་ཁྱབ་སྒྲོག་བྱས་པ་དང་། ཁོ་སི་ཐཱ་རེ་ཁཱ་སྲིད་གཞུང་གིས་མི་སྟོང་གསུམ་ཙམ་ལ་གནོད་འཚེ་ཐེབས་ཡོད་པ་ཁྱབ་སྒྲོག་བྱས།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།