ཀྲུང་གོ་བོད་ཀྱི་དྲ་བ།

ཝུའུ་ཁི་ལན་དང་བྱང་ཆིངས་རྩ་འཛུགས་ཀྱིས་གཞི་རྒྱ་ཆེ་བའི་དམག་དོན་སྦྱོང་བརྡར་སྤེལ་མགོ་བརྩམས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-10-10
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཝུའུ་ཁི་ལན་རྒྱལ་སྲུང་པུའུ་ཡིས་ཚེས་བརྒྱད་ཉིན་བཤད་རྒྱུར། ཉིན་དེར་ཨ་མེ་རི་ཁ་སོགས་ནུབ་ཀྱི་རྒྱ་མཚོ་ཆེན་མོའི་སྤྱི་ཆིངས་རྩ་འཛུགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་དག་གིས་མཉམ་འབྲེལ་སྒོས་གཞི་རྒྱ་ཆེ་བའི་བར་སྣང་དམག་དོན་སྦྱོང་བརྡར་སྤེལ་མགོ་བརྩམས་ཟེར། 

ཉིས་སྟོང་བཅོ་བརྒྱད་ལོའི་དག་དབྱིངས་ཞེས་པའི་མཉམ་འབྲེལ་དམག་དོན་སྦྱོང་བརྡར་དེ་ཚེས་བརྒྱད་ཉིན་ཝུའུ་ཁི་ལན་ནུབ་ཕྱོགས་ས་ཁུལ་ནས་སྤེལ་མགོ་བརྩམས། དམག་དོན་སྦྱོང་བརྡར་དེ་ཟླ་བཅུ་བའི་ཚེས་བཅུ་དགུའི་ཉིན་བར་སྤེལ་རྒྱུ་རེད། ཧ་ལམ་དམག་དོན་མི་སྣ་བདུན་བརྒྱ་ཞུགས་ཡོད་པ་དང་། དེའི་ནང་ཕྱེད་ཙམ་བྱང་ཆིངས་རྩ་འཛུགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་ནས་ཡོང་བ་རེད། ཨ་མེ་རི་ཁ་དང་དབྱིན་ཇི། ཧི་ལན། ཕོ་ལན། རོ་མཱ་ནི་ཡཱ་བཅས་འདུས། 

ཨ་མེ་རི་ཁའི་དམག་དཔུང་གིས་གླག་རྒོད་རྟགས་ཅན་གྱི་འཐབ་འཛིང་གནམ་གྲུ་དང་མཐུ་རྩལ་ཅན་གྱི་སྐྱེལ་འདྲེན་གནམ་གྲུ། མི་བསྡད་མེད་པའི་གནམ་གྲུ་བཅས་མངག་ཡོད་པ་དང་། ཝུའུ་ཁི་ལན་གྱི་འཐབ་འཛིང་གནམ་གྲུ་སུམ་ཅུ་དང་མཉམ་དུ་སྦྱོང་བརྡར་བྱེད་རྒྱུ་རེད། 

ཝུའུ་ཁི་ལན་མཁའ་དམག་གི་མགྲིན་ཚབ་པ་དབྱེ་ཀི་ནཱ་ཐི་ཡིས་བཤད་རྒྱུར། ཕོ་ལན་དང་རོ་མཱ་ནི་ཡཱའི་འཐབ་འཛིང་གནམ་གྲུས་ཐོག་དང་པོར་ཝུའུ་ཁི་ལན་གྱི་འཐབ་འཛིང་གནམ་གྲུ་དང་མཉམ་དུ་སྦྱོང་བརྡར་བྱས་པ་ཡིན་ལ། མཁའ་ཁོངས་ལ་སྲུང་སྐྱོབ་བྱེད་པ་དམིགས་འབེན་དུ་བྱས་ཡོད་ཟེར། 

ཝུའུ་ཁི་ལན་མཁའ་དམག་གི་གསལ་སྒྲོག་ཅིག་ལས་བཤད་རྒྱུར། མཉམ་འབྲེལ་དམག་དོན་དེའི་དམིགས་ཡུལ་ནི་ས་ཁུལ་གྱི་བར་སྣང་བདག་དབང་ལ་སྲུང་སྐྱོབ་བྱེད་པའི་ནུས་པ་ཇེ་དྲག་ཏུ་བཏང་སྟེ། མཉམ་ལས་ལ་བརྟེན་ནས་ཞི་བདེ་དང་བདེ་འཇགས་ལ་ཡར་སྐུལ་བྱེད་པའི་ཆེད་ཡིན་ཟེར།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།