མཱ་ལེ་ཞི་ཡཱ་ཡི་མཐོ་རིམ་དཔོན་པོས་མཱ་ལེ་ཞི་ཡཱ་དང་ཀྲུང་གོའི་ཁེ་ལས་ཀྱིས་མཉམ་ལས་ལ་ཤུགས་སྣོན་བྱེད་དགོས་པའི་འབོད་སྐུལ་བཏང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མཱ་ལེ་ཞི་ཡཱའི་དཔལ་འབྱོར་ལས་དོན་པུའུ་ཀྲང་ཨ་ཙི་མེན་གྱིས་ཚེས་བཅུ་གཅིག་ཉིན་བསྟན་དོན། མཱ་ལེ་ཞི་ཡཱའི་ཁེ་ལས་ཀྱིས་ཀྲུང་གོའི་ཁེ་ལས་བར་གྱི་མཉམ་ལས་ལ་ཤུགས་སྣོན་བྱས་ཏེ་གོ་སྐབས་གསར་བ་འཚོལ་ཞིབ་བྱེད་དགོས་པ་དང་། མཱ་ལེ་ཞི་ཡཱའི་སྲིད་གཞུང་གིས་ཀྱང་ཀྲུང་གོས་མ་དངུལ་གཏོང་བར་དགའ་བསུ་བྱེད་བཞིན་ཡོད་ཟེར། 

ཨ་ཙི་མེན་གྱིས་ཉིན་དེར་ནན་ཧྭ་ཞོགས་པའི་ཚགས་པར་གྱིས་གཙོ་སྒྲུབ་བྱས་པའི་ཀྲུང་གོའི་ལོ་ཚོགས་མཇུག་སྒྲིལ་བའི་ཞུ་ཚིག་འབུལ་སྐབས། ཀྲུང་གོའི་རང་སྟེང་གི་འཕེལ་རྒྱས་དང་འཛམ་གླིང་ཡོངས་ཀྱི་དཔལ་འབྱོར་ནང་ཞུགས་ཚད་ཀྱིས་མཱ་ལེ་ཞི་ཡཱ་ལ་ཁེ་ཕན་ཆེན་པོ་བསྐྲུན་ཡོད། ཀྲུང་གོ་མཱ་ལེ་ཞི་ཡཱའི་ཆེས་ཆེ་བའི་ཉོ་ཚོང་གྲོགས་པོར་གྱུར་ཡོད། མཱ་ལེ་ཞི་ཡཱའི་ཁེ་ལས་ལ་ཀྲུང་གོར་ལོ་མང་བོའི་ཉམས་མྱོང་བཟང་བོ་ཡོད་པ་དང་། ད་ལྟ་མུ་མཐུད་དུ་ཀྲུང་གོའི་ཁེ་ལས་བར་གྱི་དངུལ་གཏོང་དང་འཐབ་ཇུས་མནའ་འབྲེལ་འགོད་པའི་གོ་སྐབས་འཚོལ་ཞིབ་བྱེད་དགོས། མཱ་ལེ་ཞི་ཡཱ་ཡིས་ཀྱང་ཐོན་རྫས་སྔར་ལས་མང་བོ་ཀྲུང་གོར་ཕྱིར་གཏོང་བྱེད་པར་བརྩོན་ལེན་བྱེད་བཞིན་ཡོད་ཟེར། 

ཨ་ཙི་མེན་གྱིས་བཤད་རྒྱུར། མཱ་ལེ་ཞི་ཡཱ་ཡིས་ཀྲུང་གོའི་དངུལ་གཏོང་ལ་དགའ་བསུ་བྱེད་བཞིན་ཡོད་པ་དང་། མཱ་ལེ་ཞི་ཡཱས་ལས་ཞུགས་གསར་སྐྲུན་ཐད་ལག་རྩལ་གྱི་རྒྱབ་སྐྱོར་བྱེད་དགོས་ཟེར། 

ཁོས་བསྟན་དོན། མཱ་ལེ་ཞི་ཡཱ་ཡིས་ཀྲུང་གོའི་དཔལ་འབྱོར་སོགས་ཁྱབ་ཁོངས་ནས་མགོ་ཁྲིད་ནུས་པ་འདོན་པར་རེ་སྒུག་བྱས་ཡོད་པ་དང་། ཤར་ཕྱོགས་ལ་བལྟ་བའི་སྲིད་ཇུས་ལ་བརྟེན་ནས་ཀྲུང་གོར་སློབ་སྦྱོང་བྱེད་པའི་རེ་བ་ཡོད་ཟེར། 

ཐེངས་འདིའི་གྲོས་ཚོགས་ཀྱི་ཚོགས་ཡུན་ཉིན་གཉིས་ཡིན་པ་དང་། གྲོས་ཚོགས་ལ་ཞུགས་པའི་སྲིད་གཞུང་གི་དཔོན་རིགས་དང་མཁས་པ། ཚོང་དོན་ལས་རིགས་ཀྱི་མགོ་ཁྲིད་སོགས་ཀྱིས་ཀྲུང་གོ་དང་ཨེ་ཤ་ཡཱ་ཤར་ལྷོའི་ཆབ་སྲིད་དང་དཔལ་འབྱོར། ཚན་རྩལ། བརྒྱུད་གཅིག་ལམ་གཅིག་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་གྲོས་བསྡུར་བྱས།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།