ཀྲུང་གོ་བོད་ཀྱི་དྲ་བ།

མཉམ་འབྲེལ་རྒྱལ་ཚོགས་བྱིས་པའི་ཐེབས་རྩ་ཚོགས་པས་ཡེ་མིན་གྱི་བྱིས་པ་སྔར་ལས་མང་བོ་ལྟོགས་སྐོམ་གྱི་ཉེན་ཁར་འཕྲད་ཡོད་པའི་ཉེན་བརྡ་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-10-19
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མཉམ་འབྲེལ་རྒྱལ་ཚོགས་བྱིས་པའི་ཐེབས་རྩ་ཚོགས་པའི་ལག་བསྟར་ཀྲུའུ་རིན་ཧྥུའུ་ཨར་གྱིས་ཚེས་བཅོ་བརྒྱད་ཉིན་ཉེན་བརྡ་བཏང་སྟེ། ཡེ་མིན་གྱི་དཔལ་འབྱོར་གནས་བབ་ཇེ་སྡུག་ཏུ་སོང་བ་དང་མཚོ་དམར་གྲུ་ཁའི་གྲོང་ཁྱེར་ཧི་ཐེ་ཏཱའི་འཐབ་འཁྲུག་དབང་གིས་ཡེ་མིན་གྱི་ན་གཞོན་དང་དེའི་ཁྱིམ་ཚང་མང་བོར་ཟས་རིགས་དང་དག་གཙང་འཐུང་ཆུ། འཕྲོད་བསྟེན་ཞབས་ཞུ་བཅས་དཀོན་པའི་གནས་ཚུལ་བྱུང་ཡོད་ཟེར། 

ཧྥུའུ་ཨར་གྱིས་ཉིན་དེར་གསལ་སྒྲོག་ཅིག་གི་ནང་བཤད་རྒྱུར། ཡེ་མིན་གྱི་དངུལ་ལོར་རིན་ཐང་ལྡབ་འགྱུར་གྱིས་ཉམས་ནས་ཟས་རིགས་དང་འབར་རྫས། འཐུང་ཆུ་བཅས་ཀྱི་རིན་གོང་ཇེ་མཐོར་སོང་། དེ་ལས་རིམས་ནད་མང་དུ་བྱུང་བ་དང་། འཚོ་བཅུད་མི་འདང་བའི་གནས་ཚུལ་སྔར་ལས་ཇེ་སྡུག་ཏུ་སོང་ཡོད་ཟེར། ཁོ་མོས་ཉེན་བརྡའི་ཚུལ་དུ་བཤད་རྒྱུར། ཧི་ཐེ་ཏཱའི་འཐབ་འཁྲུག་གནས་བབ་སྔར་ལས་ཇེ་སྡུག་ཏུ་སོང་ཡོད། གལ་ཏེ་ཧི་ཐེ་ཏཱ་གྲུ་ཁར་འཇབ་རྒོལ་དང་གཏོར་བརླག བཀག་སྡོམ་ཐེབས་ན། ཡེ་མིན་རྒྱལ་ཡོངས་སུ་ཟས་རིགས་མི་འདང་བའི་བྱིས་པ་ས་ཡ་བཞི་ཇེ་མང་དུ་འགྲོ་སྲིད་ཟེར། 
ཧྥུའུ་ཨར་གྱིས་བཤད་རྒྱུར། ཡེ་མིན་གནད་དོན་དེ་ཆབ་སྲིད་ལ་བརྟེན་ནས་ཐག་གཅོད་བྱ་དགོས་པ་དང་། བྱིས་པའི་ཐེབས་རྩ་ཚོགས་པས་ཡེ་མིན་འཁྲུག་རྩོད་ཀྱི་འབྲེལ་ཡོད་ཕྱོགས་སོ་སོས་བཅའ་ཁྲིམས་འོས་འགན་བརྩི་སྲུང་བྱེད་པ་དང་། དམངས་སྤྱོད་སྒྲིག་ཆས་ཀྱི་འཇབ་རྒོལ་མཚམས་བཞག་སྟེ། བྱིས་པའི་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་དེ་བདེ་འཇགས་དང་ཆ་རྐྱེན་མེད་པ། རྒྱུན་མཐུད་ངང་བསྐྱེལ་བར་ཁག་ཐེག་བྱེད་དགོས་པའི་འབོད་སྐུལ་བཏང་།   །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།