ཀྲུང་གོ་བོད་ཀྱི་དྲ་བ།

ཨ་མེ་རི་ཁས་ཡེ་ལུའུ་སཱ་ལེམ་དུ་སྡོད་པའི་གཞུང་ཚབ་ཁང་དེ་དབྱི་་སི་རལ་དུ་སྡོད་པའི་གཞུང་ཚབ་ཁང་དུ་མཉམ་བསྲེས་བྱེད་རྒྱུ་ཁྱབ་སྒྲོག་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-10-19
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨ་མེ་རི་ཁའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཚེས་བཅོ་བརྒྱད་ཉིན་ཁྱབ་སྒྲོག་བྱས་དོན། ཡེ་ལུའུ་སཱ་ལེམ་དུ་སྡོད་པའི་ཨ་མེ་རི་ཁའི་གཞུང་ཚབ་ཁང་དེ་དབྱི་སི་རལ་དུ་སྡོད་པའི་ཨ་མེ་རི་ཁའི་གཞུང་ཚབ་ཁང་དང་མཉམ་བསྲེས་བྱེད་རྒྱུ་ཡིན་ཟེར། ཕཱ་ལེ་སི་ཐན་ཕྱོགས་ཀྱིས་ཉིན་དེར་ཨ་མེ་རི་ཁའི་ཆོད་དོན་དེར་རྒོལ་གཏམ་བཏང་བ་དང་། དེ་ནི་ཉེན་ཁའི་བྱ་སྤྱོད་ཅིག་ཡིན་པར་བཤད། 

ཨ་མེ་རི་ཁའི་རྒྱལ་སྲིད་བློན་ཆེན་ཕིན་ཕའེ་ཨོ་ཡིས་རྒྱལ་སྲིད་སྤྱི་ཁྱབ་ཁང་ནས་སྤེལ་བའི་གསལ་སྒྲོག་ནང་བཤད་རྒྱུར། མཉམ་བསྲེས་བྱ་བ་ཡོངས་འགྲུབ་བྱས་རྗེས། དབྱི་སི་རལ་དུ་སྡོད་པའི་ཨ་མེ་རི་ཁའི་གཞུང་ཚབ་ཁང་དུ་ཕཱ་ལེ་སི་ཐན་གྱི་ལས་དོན་པུའུ་གསར་བ་བཙུགས་ཏེ་ཕཱ་ལེ་སི་ཐན་གྱི་འབྲེལ་ཡོད་ལས་དོན་ཐག་གཅོད་བྱེད་པའི་འགན་ཁུར་རྒྱུ་ཡིན་ཟེར། 

ཕིན་ཕའེ་ཨོ་ཡིས་བཤད་རྒྱུར། མཉམ་བསྲེས་བྱེད་པ་ནི་བྱ་བའི་ཕན་འབྲས་ཇེ་མཐོར་གཏོང་བའི་ཆེད་ཡིན་པ་ལས། ཨ་མེ་རི་ཁ་ཕྱོགས་ཀྱིས་ཕཱ་ལེ་སི་ཐན་དང་དབྱི་སི་རལ་གནད་དོན་གྱི་སྲིད་ཇུས་བཅོས་བསྒྱུར་བྱས་པའི་མཚོན་རྟགས་མིན་ལ། ཨ་མེ་རི་ཁས་སྔར་བཞིན་ཡེ་ལུའུ་སཱ་ལེམ་གྱི་མཇུག་མཐའི་གོ་གནས་གནད་དོན་ཐད་ནས་སུ་ལའང་རྒྱབ་སྐྱོར་བྱེད་མི་སྲིད་ཟེར། 

ཕཱ་ལེ་སི་ཐན་བཅིངས་འགྲོལ་རྩ་འཛུགས་ལག་བསྟར་ཨུ་ཡོན་ལྷན་ཁང་གི་དྲུང་ཡིག་ཆེན་མོ་ཨེ་ལོས་ཁཱ་ཐི་ཡིས་ཉིན་དེར་གསལ་སྒྲོག་སྤེལ་ཏེ། ཡེ་ལུའུ་སཱ་ལེམ་དུ་སྡོད་པའི་ཨ་མེ་རི་ཁའི་གཞུང་ཚབ་ཁང་གི་སྒོ་བརྒྱག་པའི་ཆོད་དོན་དེ་ནི་མཐར་ལྷུང་བའི་དབྱི་སི་རལ་གཡས་ཕྱོགས་ཀྱི་གཏན་ཚིགས་ལ་གཞིགས་པ་ཡིན། ཕཱ་ལེ་སི་ཐན་ཕྱོགས་ཀྱིས་བལྟས་ན་ཨ་མེ་རི་ཁའི་ཙུང་ཐུང་ཐི་ལིང་ཕུའུ་ཡིས་མགོ་ཁྲིད་པའི་སྲིད་གཞུང་གིས་ཕཱ་ལེ་སི་ཐན་དང་དབྱི་སི་རལ་གྱི་ཞི་བདེ་མངོན་འགྱུར་བྱེད་པའི་ཐད་ནུས་པ་འདོན་ཐབས་མེད་པ་དང་། ཐི་ལིང་ཕུའུ་སྲིད་གཞུང་ནི་གནད་དོན་གྱི་ཁག་ཅིག་ཡིན་པ་ལས། ཐག་གཅོད་ཇུས་གཞིའི་ཁག་ཅིག་མ་ཡིན་ཟེར། 

ཨེ་ལོས་ཁཱ་ཐི་ཡིས་བསྟན་དོན། ཕཱ་ལེ་སི་ཐན་རྒྱལ་ཁབ་ཀྱིས་ཕཱ་ལེ་སི་ཐན་མི་དམངས་ཀྱི་ལས་དོན་ཐད་འགན་འཁྲི་ལག་བསྟར་བྱས་ཏེ། ཕཱ་ལེ་སི་ཐན་མི་དམངས་ཀྱི་ཁེ་དབང་ལ་སྲུང་སྐྱོབ་བྱེད་པ་དང་། དགོས་ངེས་ཀྱི་བྱེད་ཐབས་གང་རུང་སྤྱད་དེ་ཉེན་ཁའི་བྱ་སྤྱོད་དེ་ཐག་གཅོད་བྱེད་དགོས་པའི་ཚུལ་བསྟན།   །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།