ཀྲུང་གོ་བོད་ཀྱི་དྲ་བ།

ཨུ་རུ་སི་དང་ཨེ་ཅིབ་རྒྱལ་ཁབ་གཉིས་ཀྱི་ཙུང་ཐུང་གིས་ཕྱོགས་གཉིས་ཀྱི་དཔལ་འབྱོར་ཉོ་ཚོང་མཉམ་ལས་ལ་ཤུགས་སྣོན་བྱེད་རྒྱུའི་ཚུལ་བསྟན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-10-19
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་གྱིས་ཚེས་བཅུ་བདུན་ཉིན་ཨུ་རུ་སིའི་ལྷོ་ཕྱོགས་ཀྱི་སོ་ཆི་གྲོང་ཁྱེར་ནས་འཚམས་འདྲིར་ཡོང་བའི་ཨེ་ཅིབ་ཀྱི་ཙུང་ཐུང་སེ་ཞི་ལ་ཐུག་འཕྲད་བྱས་པ་དང་། རྒྱལ་ཁབ་གཉིས་ཀྱི་མགོ་ཁྲིད་པས་སྔར་ལས་ལྷག་པའི་སྒོ་ནས་ཕྱོགས་གཉིས་ཀྱི་དཔལ་འབྱོར་ཉོ་ཚོང་མཉམ་ལས་ལ་ཤུགས་སྣོན་བྱེད་རྒྱུའི་ཚུལ་བསྟན། 

ཕུའུ་ཅིན་དང་སེ་ཞི་ཡིས་གྲོས་མོལ་བྱས་རྗེས་སྤེལ་བའི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་བསྟན་དོན། ཕྱོགས་གཉིས་ཀྱིས་གྲོས་མོལ་བྱེད་སྐབས་གཙོ་བོ་དཔལ་འབྱོར་མཉམ་ལས་གནད་དོན་ལ་གྲོས་བསྡུར་བྱས། ཁོས་མཚམས་སྦྱོར་བྱས་དོན། ཨུ་རུ་སི་དང་ཨེ་ཅིབ་ཕྱོགས་གཉིས་ཀྱི་ཉོ་ཚོང་འབོར་གྲངས་དེ་ན་ནིང་བརྒྱ་ཆའི་རེ་གཉིས་འཕར་བ་དང་། ད་ལོའི་སྔོན་གྱི་ཟླ་ངོ་བརྒྱད་རིང་བརྒྱ་ཆའི་ཉེར་བརྒྱད་འཕར་ཡོད་ཟེར། 

ཕུའུ་ཅིན་གྱིས་བཤད་རྒྱུར། ཕྱོགས་གཉིས་ཀྱིས་གྲོས་མོལ་བྱེད་སྐབས་ཨུ་རུ་སི་ཡིས་ཨེ་ཅིབ་ལ་རོགས་བྱས་ནས་ཉིང་རྡུལ་ནུས་པའི་གློག་འདོན་ས་ཚིགས་འཛུགས་སྐྲུན་བྱེད་པ་དང་། ཨེ་ཅིབ་བཟོ་ལས་ས་ཁུལ་གྱི་འཛུགས་སྐྲུན་ནང་ཞུགས་པ། ཨེ་ཅིབ་ལ་དུས་ཡུན་རིང་བོར་རྡོ་སྣུམ་ཐོན་རྫས་མཁོ་འདོན་བྱེད་པ། གཤེར་གཟུགས་ཀྱི་རང་བྱུང་སོལ་རླངས་འདོན་སྤྲོད་བྱེད་པ་སོགས་གནད་དོན་ལ་གྲོས་བསྡུར་བྱས། དེ་ལས་གཞན་ཕྱོགས་གཉིས་ཀྱིས་ད་རུང་ཡོ་རོབ་གླིང་དང་ཨེ་ཤ་ཡཱའི་དཔལ་འབྱོར་མནའ་འབྲེལ་དང་ཨེ་ཅིབ་ནས་རང་དབང་ཉོ་ཚོང་ས་ཁུལ་འཛུགས་པ་སོགས་གནད་དོན་ལ་གྲོས་བསྡུར་བྱས་ཟེར། 

སེ་ཞི་ཡིས་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་ཉེ་བའི་ལོ་འགའི་རིང་གི་རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་འཕེལ་རྒྱས་ལ་ཡིད་ཚིམས་པའི་ཚུལ་བསྟན། ཁོས་བཤད་རྒྱུར། རྒྱལ་ཁབ་གཉིས་ཀྱིས་མཉམ་ལས་བྱས་ཏེ་ཉིང་རྡུལ་ནུས་པའི་གློག་འདོན་ས་ཚིགས་འཛུགས་སྐྲུན་བྱེད་པ་དེ་ཕྱོགས་གཉིས་ཀྱི་འབྲེལ་བའི་ཆུ་ཚད་ཇེ་མཐོར་གཏོང་བར་ཕན་ཐོགས་ཡོད་པ་དང་། ཨུ་རུ་སི་ཨེ་ཅིབ་ཀྱི་བཟོ་ལས་ས་ཁུལ་གྱི་འཛུགས་སྐྲུན་ཁྲོད་ཞུགས་པ་དེ་རྒྱལ་ཁབ་གཉིས་ཀྱི་དཔལ་འབྱོར་ཉོ་ཚོང་མཉམ་ལས་གཏིང་ཟབ་ཏུ་སྤེལ་བར་ཕན་ཐོགས་ཡོད་ཟེར།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།