ཀྲུང་གོ་བོད་ཀྱི་དྲ་བ།

ཨུ་རུ་སི་དང་ཝུའུ་ཙི་པེ་ཁི་སི་ཐན་གྱིས་སྔར་ལས་ལྷག་པའི་སྒོ་ནས་ཕྱོགས་གཉིས་ཀྱི་མཉམ་ལས་ལ་ཤུགས་སྣོན་བྱེད་རྒྱུ་རེད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-10-20
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཝུའུ་ཙི་པེ་ཁི་སི་ཐན་གྱི་ཙུང་ཐུང་མུས་ཨར་ཅི་ཡོ་ཡེ་ཧྥུའུ་ཡིས་ཚེས་བཅུ་དགུའི་ཉིན་རྒྱལ་ས་ཐཱ་ཧྲི་ཀན་ནས་འཚམས་འདྲིར་ཡོང་བའི་ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་དང་གྲོས་མོལ་བྱས། གྲོས་མོལ་མཇུག་སྒྲིལ་རྗེས། ཕྱོགས་གཉིས་ཀྱིས་དཔལ་འབྱོར་དང་རིག་གནས། སློབ་གསོ་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་གྲོས་མཐུན་བཀོད་པར་མ་ཟད་མཉམ་འབྲེལ་གསལ་སྒྲོག་སྤེལ་ཏེ། ཕྱོགས་གཉིས་ཀྱིས་མཉམ་དུ་ཨེ་ཤ་ཡཱ་དབུས་མ་ས་ཁུལ་གྱི་འགྲན་རྩོད་གསར་བ་དང་འཇིགས་ཉེན་གསར་བ་ཐག་གཅོད་བྱེད་རྒྱུའི་ཚུལ་བསྟན། 

མུས་ཨར་ཅི་ཡོ་ཡེ་ཧྥུའུ་ཡིས་གྲོས་མོལ་བྱས་རྗེས་བསྟན་དོན། ཨུ་རུ་སི་དང་ཝུའུ་ཙི་པེ་ཁི་སི་ཐན་གྱི་འཐབ་འཇུས་གྲོགས་པོ་ཡིན་པ་དང་། ཕྱོགས་གཉིས་ཀྱི་མཉམ་ལས་གྲོགས་པོའི་འབྲེལ་བ་དེ་ཆུ་ཚད་གསར་བ་ཞིག་ཏུ་སླེབས་ཏེ་ཕྱོགས་ཡོངས་འཕེལ་རྒྱས་མངོན་འགྱུར་བྱུང་ཡོད། 
ཕུའུ་ཅིན་གྱིས་བསྟན་དོན། ཝུའུ་ཙི་པེ་ཁི་སི་ཐན་ནི་ཨུ་རུ་སིའི་འཐབ་ཇུས་གྲོགས་པོ་དང་མནའ་མཐུན་གྲོགས་པ་ཡིན། ཕྱོགས་གཉིས་ཀྱི་འབྲེལ་བ་དེ་ཆབ་སྲིད་དང་དཔལ་འབྱོར། དམག་དོན་ལག་རྩལ་སོགས་ཁྱབ་ཁོངས་གཙོ་བོ་ནས་ཇེ་ཟབ་ཏུ་སོང་ཡོད་ལ། ཨུ་རུ་སི་ཡིས་སྔར་ལས་ལྷག་པའི་སྒོ་ནས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་སུ་གཏོང་འདོད་ཡོད་ཟེར། 
ཕུའུ་ཅིན་གྱིས་འཚམས་འདྲི་བྱེད་སྐབས་ཕྱོགས་གཉིས་ཀྱིས་མཉམ་དུ་ས་ཁོངས་བར་གྱི་མཉམ་ལས་གླེང་སྟེགས་དང་སློབ་གསོའི་མཉམ་ལས་གླེང་སྟེགས་ཐོག་མ་ལག་བསྟར་བྱས་པ་དང་། སྔར་ལས་ལྷག་པའི་སྒོ་ནས་དཔལ་འབྱོར་ཉོ་ཚོང་འགྲོ་འོང་དང་རིག་གནས་བརྗེ་རེས་རྒྱ་བསྐྱེད་པའི་གྲོས་གཞི་བཏོན། གནས་སྐོར་དང་སློབ་གསོའི་ཁྱབ་ཁོངས་ཀྱི་མཉམ་ལས་འཆར་གཞི་ལག་བསྟར་བྱས། རྒྱལ་ཁབ་གཉིས་ཀྱི་མགོ་གཙོས་ད་རུང་ཀྲུང་གོ་དང་ཨེ་ཤ་ཡཱ་ས་ཁུལ་གྱི་བདེ་འཇགས་དང་གཏན་འཇགས། མཉམ་འབྲེལ་འཇིགས་སྐུལ་ངོ་རྒོལ། ཨ་ཧྥུའུ་ཧན་གྱི་ཞི་བདེའི་འཕེལ་རིམ་ལ་ཡར་སྐུལ་གཏོང་བ་སོགས་གནད་དོན་ཐད་ནས་བསམ་འཆར་བརྗེ་རེས་བྱས།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།