ཀྲུང་གོ་བོད་ཀྱི་དྲ་བ།

ཕཱ་ལེ་སི་ཐན་བཅིངས་འགྲོལ་རྩ་འཛུགས་ཀྱིས་དབྱི་སི་རལ་གྱིས་ཕཱ་ལེ་སི་ཐན་གྱི་དཔོན་པོ་གཉིས་འཛིན་བཟུང་བྱས་པར་རྒོལ་གཏམ་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-10-22
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཕཱ་ལེ་སི་ཐན་བཅིང་འགྲོལ་རྩ་འཛུགས་ལག་བསྟར་ཨུ་ཡོན་ལྷན་ཁང་གི་དྲུང་ཡིག་ཆེན་མོ་ཨེ་ལོས་ཁཱ་ཐི་ཡིས་ཚེས་ཉེར་གཅིག་ཉིན་དབྱི་སི་རལ་གྱིས་ཕཱ་ལེ་སི་ཐན་གྱི་དཔོན་པོ་གཉིས་འཛིན་བཟུང་བྱས་པར་རྒོལ་གཏམ་བཏང་བ་དང་། དབྱི་སི་རལ་ཕྱོགས་ཀྱིས་མྱུར་དུ་ཁོ་གཉིས་ཕྱིར་གཏོང་དགོས་པའི་རེ་བ་བཏོན། 

ཨེ་ལོས་ཁཱ་ཐི་ཡིས་ཉིན་དེར་གསལ་སྒྲོག་སྤེལ་ཏེ། དབྱི་སི་རལ་ཕྱོགས་ཀྱིས་ཕཱ་ལེ་སི་ཐན་གྱི་ཡེ་ལུའུ་སཱ་ལེམ་ཤར་མ་གྲོང་ཁྱེར་གྱི་ཧྲི་ཀྲང་ཀའེ་སི་དང་ཡེ་ལུའུ་སཱ་ལེམ་གསང་འཕྲིན་ཅུའུ་ཡི་ཅུའུ་ཀྲང་ཧྥ་ཅི་ཧི་གཉིས་བཙན་ཁྲིད་བྱས། དེ་ནི་དབྱི་སི་རལ་གྱིས་ཕཱ་ལེ་སི་ཐན་གྱི་ཡེ་ལུའུ་སཱ་ལེམ་ཤར་མར་རྒོལ་བའི་བྱེད་ཐབས་གསར་བ་ཡིན་ཟེར། ཁོས་དབྱི་སི་རལ་ཕྱོགས་ཀྱིས་མྱུར་དུ་ཆ་རྐྱེན་ཅི་ཡང་མེད་པའི་སྒོ་ནས་དཔོན་པོ་དེ་གཉིས་ཕྱིར་གཏོང་དགོས་པའི་རེ་བ་བཏོན། 

ཨེ་ལོས་ཁཱ་ཐི་ཡིས་བཤད་རྒྱུར། དབྱི་སི་རལ་གྱི་གནས་ལུགས་མེད་པའི་སྲིད་ཇུས་དང་བྱེད་ཐབས་ཀྱིས་འཇིགས་སྐུལ་བྱས་པ་དང་། ཕཱ་ལེ་སི་ཐན་གྱི་ཡེ་ལུའུ་སཱ་ལེམ་ཤར་མའི་དཔོན་པོ་འཛིན་བཟུང་བྱས་པ་ནི་དབྱི་སི་རལ་གྱིས་རྒྱལ་ཁབ་གཉིས་ཀྱི་ཇུས་གཞིའི་རྨང་གཞིའི་སྟེང་ཆབ་སྲིད་ལ་བརྟེན་ནས་ཇུས་གཞི་ཐག་གཅོད་བྱེད་པའི་གཞི་རྩར་གཏོར་བརླག་གཏོང་བའི་བྱ་སྤྱོད་ཅིག་རེད་ཟེར། 

ཨེ་ལོས་ཁཱ་ཐི་ཡིས་བསྟན་དོན། དབྱི་སི་རལ་གྱིས་ཕཱ་ལེ་སི་ཐན་གྱི་ཡེ་ལུའུ་སཱ་ལེམ་ཤར་མའི་ཆབ་སྲིད་དང་དཔལ་འབྱོར། རིག་གནས། སྤྱི་ཚོགས་འཚོ་བ་བཅས་ལ་གཏོར་བརླག་བྱེད་པའི་དབང་ཆ་མེད་ཟེར། ཁོས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་མྱུར་དུ་བྱེ་བྲག་གི་བྱེད་ཐབས་སྤྱད་དེ་ཡེ་ལུའུ་སཱ་ལེམ་ཤར་མ་སྐྱོབ་དགོས་པ་དང་། དེ་ལ་རྒྱལ་སྤྱིའི་སྲུང་སྐྱོབ་འདོན་སྤྲོད་བྱེད་དགོས་པར་མ་ཟད། དབྱི་སི་རལ་གྱི་རྒྱལ་སྤྱིའི་བཅའ་ཁྲིམས་དང་འགལ་ཞིང་ཕཱ་ལེ་སི་ཐན་མི་དམངས་ཀྱི་ཁེ་དབང་གནོད་པའི་བྱ་སྤྱོད་ལ་བཀག་འགོག་བྱེད་དགོས་པའི་འབོད་སྐུལ་བཏང་། 

ཨེ་ལོས་ཁཱ་ཐི་ཡིས་སྤེལ་བའི་གསལ་སྒྲོག་ལྟར་ན། དབྱི་སི་རལ་གྱི་མི་སྣས་ཚེས་ཉི་ཤུ་ཉིན་གྱི་དགོང་མོར་ཡེ་ལུའུ་སཱ་ལེམ་ཤར་མའི་བྱང་ངོས་ནས་ཀའེ་སིའི་རླངས་འཁོར་བཀག་ནས་ཁོ་རང་ཁྲིད་པ་དང་། ཉིན་དེར་དབྱི་སི་རལ་ཕྱོགས་ཀྱིས་ད་རུང་ཧྥ་ཅི་ཧི་ཡང་འཛིན་བཟུང་བྱས་པ་རེད། 

དབྱི་སི་རལ་དཔོན་ཕྱོགས་ཀྱིས་དོན་དེའི་ཐད་ནས་ད་རུང་དཔྱད་བརྗོད་སྤེལ་མེད།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།