ཀྲུང་གོ་བོད་ཀྱི་དྲ་བ།

ཧིན་རྡུ་ཉི་ཞི་ཡཱའི་དཔོན་རིགས་ཀྱིས་གར་སོང་མ་རྙེད་པའི་འགྲུལ་སྐྱེལ་གནམ་གྲུའི་སྟེང་གི་མི་ཚང་མ་རྐྱེན་ལམ་དུ་ཤོར་ཡོད་པའི་ཚུལ་བསྟན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-10-30
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ་བཅུ་བའི་ཚེས་ཉེར་དགུའི་ཉིན། ཧིན་རྡུ་ཉི་ཞི་ཡཱའི་ཡཱ་ཅཱ་ཏཱ་ཏན་ཅེ་པུའུ་ལུའུ་གྲུ་ཁ་ནས། རྒུད་སྐྱོབ་དང་རྟོག་ཞིབ་མི་སྣས་གར་སོང་མ་རྙེད་པའི་འགྲུལ་སྐྱེལ་གནམ་གྲུའི་ཆོག་རོ་དང་འདས་པོའི་དངོས་རྫས་ལ་བརྟག་བཞིན་པ། 

ཧིན་རྡུ་ཉི་ཞི་ཡཱའི་རྒྱལ་ཁབ་སྔོག་བཤེར་ཅུའུ་ཡི་དཔོན་རིགས་ཀྱིས་ཟླ་བཅུ་བའི་ཚེས་ཉེར་དགུའི་ཉིན་བཤད་རྒྱུར། གར་སོང་མ་རྙེད་པའི་ཧིན་རྡུ་ཉི་ཞི་ཡཱའི་སེང་གེ་མཁའ་འགྲུལ་ཀུང་ཟིའི་འགྲུལ་སྐྱེལ་གནམ་གྲུའི་སྟེང་གི་མི་བརྒྱ་དང་གྱ་དགུ་བོ་ཚང་མ་རྐྱེན་ལམ་དུ་ཤོར་ཡོད་ངེས་རེད་ཟེར། 

ཧིན་རྡུ་ཉི་ཞི་ཡཱའི་སྔོག་བཤེར་ཅུའུ་ཡི་ཀྲུའུ་རིན་ཨ་ཅི་ཡིས་ཉིན་དེར་ཡཱ་ཅཱ་ཏཱ་ནས་སྤེལ་བའི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་བཤད་རྒྱུར། མིག་སྔར་རྒུད་སྐྱོབ་བྱ་བའི་གཙོ་གནད་ནི་སྲོག་ཉེན་ལས་ཐར་བའི་མི་སྐྱོབ་རྒྱུ་དེ་ཡིན། རྒུད་སྐྱོབ་མི་སྣས་ཁ་མི་ཚང་བའི་བེམ་པོ་འགའ་མཚོ་ནང་ནས་བླངས་བ་དང་། བེམ་པོ་དེ་ཧིན་རྡུ་ཉི་ཞི་ཡཱའི་རྒྱལ་ཁབ་ཉེན་རྟོག་སྨན་ཁང་དུ་བསྐྱལ་ནས་ཐོབ་ཐང་ལ་ཞིབ་བཤེར་བྱེད་དུ་བཅུག་ཡོད། 

ཨ་ཅི་ཡིས་བཤད་རྒྱུར། ཐེངས་འདིའི་གར་སོང་མ་རྙེད་པའི་འགྲུལ་སྐྱེལ་གནམ་གྲུ་དེའི་སྔོག་བཤེར་བྱ་བ་ཉིན་བདུན་ལ་སྤེལ་རྒྱུ་ཡིན་པ་དང་། དེའི་རྗེས་སུ་གནས་ཚུལ་ལ་གཞིགས་ཏེ་ཉིན་གསུམ་གྱིས་ཡུན་ཚད་ཇེ་རིང་དུ་གཏོང་མིན་ཐག་གཅོད་བྱེད་རྒྱུ་ཡིན་ཟེར། མིག་སྔར་གར་སོང་མ་རྙེད་པའི་འགྲུལ་སྐྱེལ་གནམ་གྲུའི་ཆག་རོ་རྒྱ་མཚོར་ནུབ་སའི་བྱེ་བྲག་གི་གནས་གསལ་བོར་མི་ཤེས་ལ། ཆེད་ལས་ཆུ་འཛུལ་བ་བཞི་བཅུ་ལྷག་མཚོ་གཏིང་དུ་སོང་ནས་གནམ་གྲུའི་ཆག་རོ་དང་གཞི་གྲངས་སྒམ་ཆུང་འཚོལ་བཞིན་ཡོད་ཟེར། 

བསྒྲགས་པ་ལྟར་ན། གར་སོང་མ་རྙེད་པའི་གནམ་གྲུའི་སྟེང་རྒྱ་གར་གྱི་གནམ་གྲུའི་ཁ་ལོ་བ་གཅིག་དང་དབྱི་ཐཱ་ལེའི་འགྲུལ་བ་གཅིག་ཡོད། དེ་ལས་གཞན་གནམ་གྲུའི་སྟེང་དུ་ད་རུང་ཧིན་རྡུ་ཉི་ཞི་ཡཱའི་ནོར་སྲིད་པུའུ་ཡི་དཔོན་རིགས་ཉི་ཤུ་དང་ཧིན་རྡུ་ཉི་ཞི་ཡཱའི་རྒྱལ་ཁབ་ནོར་སྲིད་ཀྱི་ཞིབ་བཤེར་དཔོན་པོ་བཅུ་ཡོད། 

འགྲིམ་འགྲུལ་དོན་རྐྱེན་ལ་རྟོག་ཞིབ་ཀྱི་འགན་ཁུར་བའི་ཧིན་རྡུ་ཉི་ཞི་ཡཱའི་རྒྱལ་ཁབ་འགྲིམ་འགྲུལ་བདེ་འཇགས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཅཱ་ཡའོ་ནོའུ་ཡིས་སྒྲོག་སྤེལ་ཚོགས་འདུའི་སྟེང་བཤད་རྒྱུར། གར་སོང་མ་རྙེད་པའི་གནམ་གྲུ་དེ་བེད་སྤྱོད་བྱས་ནས་ཡུན་རིང་འགོར་མེད་པའི་གནམ་གྲུ་གསར་བ་ཞིག་ཡིན་པ་དང་། འཕུར་ཡུན་དུས་ཚོད་བརྒྱད་བརྒྱ་ཙམ་ལས་མེད། དོན་རྐྱེན་བྱུང་སྐབས་ནམ་ཟླ་བཟང་ཟེར། གར་སོང་མ་རྙེད་པའི་གནམ་གྲུ་དེའི་གཞི་གྲངས་སྒམ་ཆུང་རྙེད་རག་བར་རྒྱུ་རྐྱེན་ཅི་ཡིན་ཐག་གཅོད་བྱེད་ཐབས་མེད་ཟེར། 

ཧིན་རྡུ་ཉི་ཞི་ཡཱའི་ཙུང་ཐུང་ཙོ་ལཱ་ཡིས་ཉིན་དེར་བརྙན་འཕྲིན་གཏམ་བཤད་སྤེལ་ཏེ། རྒུད་སྐྱོབ་མི་སྣས་ཧུར་ཐག་སྒོས་སྲོག་ཉེན་ལས་ཐར་བའི་མི་སྐྱོབ་དགོས་པའི་རེ་བ་བཏོན། 

སེང་གེ་མཁའ་འགྲུལ་ཀུང་ཟིའི་མི་བརྒྱ་དང་གྱ་དགུ་དྲུད་པའི་རྒྱལ་ནང་གི་འགྲུལ་སྐྱེལ་གནམ་གྲུ་དེ་ཟླ་བཅུ་བའི་ཚེས་ཉེར་དགུ་ཉིན་གྱི་ཞོགས་པའི་དུས་ཚོད་དྲུག་དང་སྐར་མ་ཉི་ཤུའི་སྟེང་ཡཱ་ཅཱ་ཏཱ་ནས་འཕུར་བ་དང་། པང་ཅཱ་ཝུའུ་ལི་ཏུང་ཞིང་ཆེན་གྱི་ལྟེ་གནས་གྲོང་ཁྱེར་པེན་ཀང་དུ་བགྲོད་པ་ཡིན་ཡང་། འཕུར་ནས་སྐར་མ་བཅུ་གསུམ་འགོར་རྗེས་ས་ངོས་དང་འབྲེལ་ཐག་ཆད། དེའི་རྗེས་སུ་གནམ་གྲུ་དེ་རྒྱ་མཚོའི་ནང་ལྷུང་བ་བདེན་དཔང་བྱས། 


རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།