ཀྲུང་གོ་བོད་ཀྱི་དྲ་བ།

ཐུར་ཁེ་དང་ཨ་མེ་རི་ཁའི་དམག་དཔུང་གིས་སི་རི་ཡཱའི་བྱང་ཕྱོགས་ཀྱི་མན་པུས་ཅི་ས་ཁུལ་ནས་ཐོག་དང་པོར་མཉམ་འབྲེལ་སྐོར་གཡེང་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-11-02
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཐུར་ཁེའི་རྒྱལ་སྲུང་བློན་ཆེན་ཨ་ཁཱ་ཨར་གྱིས་ཟླ་བཅུ་གཅིག་པའི་ཚེས་གཅིག་ཉིན་བཤད་རྒྱུར། ཐུར་ཁེའི་དམག་དཔུང་དང་ཨ་མེ་རི་ཁའི་དམག་དཔུང་གིས་ཉིན་དེའི་ཕྱི་དྲོར་སི་རི་ཡཱའི་བྱང་ཕྱོགས་ཀྱི་མན་པུས་ཅི་ས་ཁུལ་ནས་ཐོག་དང་པོར་མཉམ་འབྲེལ་སྐོར་གཡེང་བྱ་འགུལ་སྤེལ། 

ཨ་ཁཱ་ཨར་གྱིས་ཉིན་དེར་ཐུར་ཁེའི་གྲོས་ཁང་ནས་གཏམ་བཤད་སྤེལ་སྐབས་བསྟན་དོན། ཐུར་ཁེ་དང་ཨ་མེ་རི་ཁས་དེའི་སྔོན་བཀོད་པའི་མན་པུས་ཅི་བདེ་འཇགས་མཉམ་ལས་ལམ་ཐིག་འཆར་གཞི་གཞིར་བཟུང་ནས། རྒྱལ་ཁབ་གཉིས་ཀྱི་དམག་དཔུང་གིས་མཉམ་འབྲེལ་སྐོར་གཡེང་བྱེད་པའི་འཆར་གཞི་གཏན་འབེབས་བྱས་པ་དང་སྐོར་གཡེང་མི་སྣར་གསོ་སྦྱོང་བྱས་ཡོད་ཟེར། 
ད་ལོའི་ཟླ་དྲུག་པར། ཐུར་ཁེ་དང་ཨ་མེ་རི་ཁས་མན་པུས་ཅི་བདེ་འཇགས་དང་གཏན་འཇགས་གནད་དོན་གྱི་མཉམ་ལས་ལམ་ཐིག་འཆར་གཞི་བཀོད། བསྒྲགས་པ་ལྟར་ན། ལམ་ཐིག་འཆར་གཞི་དེ་ལས་ཁུའུ་ཨར་ཏི་དྲག་ཆས་པ་མི་དམངས་སྲུང་སྐྱོབ་དམག་དཔུང་ཕྱིར་འཐེན་བྱེད་པ་དང་དེའི་རྗེས་ཀྱི་ཆབ་སྲིད་བཀོད་སྒྲིག་སོགས་ལ་འཆར་གཞི་གཏན་འབེབས་བྱས་ཡོད། 
མན་པུས་ཅི་ནི་སི་རི་ཡཱའི་བྱང་ཕྱོགས་ས་ཁུལ་གྱི་ཐུར་ཁེ་དང་འབྲེལ་བའི་མཐའ་མཚམས་ས་ཁུལ་དུ་གནས། མིག་སྔར་ས་ཁུལ་མང་ཆེ་བར་ཨ་མེ་རི་ཁས་རྒྱབ་སྐྱོར་བྱེད་པའི་སི་རི་ཡཱའི་ཁུའུ་ཨར་ཏི་དྲག་ཆས་པ་སི་རི་ཡཱའི་དམངས་གཙོ་དམག་དཔུང་གིས་ཚོད་འཛིན་བྱས་ཡོད། སི་རི་ཡཱའི་དམངས་གཙོ་དམག་དཔུང་དེ་གཙོ་བོ་མི་དམངས་སྲུང་སྐྱོབ་དམག་དཔུང་གིས་མགོ་ཁྲིད་བྱས་ཡོད། ཐུར་ཁེ་ཡིས་བལྟས་ན་མི་དམངས་སྲུང་སྐྱོབ་དམག་དཔུང་ནི་ཐུར་ཁེའི་སྲིད་གཞུང་གིས་འཇིགས་སྐུལ་རྩ་འཛུགས་ཀྱི་གྲས་སུ་བཞག་པའི་ཁུའུ་ཨར་ཏི་བཟོ་བའི་ཏང་གི་སི་རི་ཡཱའི་ཡན་ལག་རུ་ཁག་ཡིན་པ་རེད། ཐུར་ཁེ་ཕྱོགས་ཀྱིས་ཐེངས་མང་བོར་མི་དམངས་སྲུང་སྐྱོབ་དམག་དཔུང་མན་པུས་ཅི་ནས་ཕྱིར་འཐེན་བྱེད་དགོས་པའི་རེ་བ་བཏོན། 
སི་རི་ཡཱའི་སྲིད་གཞུང་གིས་བལྟས་ན་ཐུར་ཁེ་དང་ཨ་མེ་རི་ཁས་མན་པུས་ཅི་ས་ཁུལ་དུ་དམག་དཔུང་བཀོད་སྒྲིག་བྱས་པ་ནི་སི་རི་ཡཱའི་བདག་དབང་ལ་གནོད་སྐྱེལ་བའི་བྱ་སྤྱོད་ཅིག་ཡིན་པར་འདོད།


རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།