ཀྲུང་གོ་བོད་ཀྱི་དྲ་བ།

པཱ་ཞིའི་གྱེན་འཕུར་གནམ་གྲུ་ཞིག་དང་གནམ་གྲུ་ཆུང་བ་ཞིག་བསྟུད་མར་སར་ལྷུང་ནས་མི་བཅུ་རྐྱེན་ལམ་དུ་ཤོར།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-11-05
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཚེས་གསུམ་དང་ཚེས་བཞི་ཉིན། པཱ་ཞིའི་གྱེན་འཕུར་གནམ་གྲུ་ཞིག་དང་གནམ་གྲུ་ཆུང་བ་ཞིག་བསྟུད་མར་སར་ལྷུང་བ་དང་། དོན་རྐྱེན་དེ་གཉིས་ལས་བསྡོམས་པས་མི་བཅུ་རྐྱེན་ལམ་དུ་ཤོར། 

ཚེས་གསུམ་ཉིན་གྱི་དགོང་མོའི་དུས་ཚོད་བདུན་དང་སྐར་མ་ཉི་ཤུའི་ཡས་མས་སུ། མི་ལྔ་བསྡད་ཡོད་པའི་གྱེན་འཕུར་གནམ་གྲུ་ཞིག་པཱ་ཞིའི་ཧྲིན་པའོ་ལོ་ཀྲིག་གི་མའོ་རི་ཏཱ་སི་ཁི་ལུའུ་ཅི་སི་གྲོང་ཁྱེར་གྱི་ནགས་ཚལ་ས་ཁུལ་ནས་སར་ལྷུང་སྟེ། གནམ་གྲུའི་སྟེང་གི་མི་ཚང་མ་རྐྱེན་ལམ་དུ་ཤོར། མེ་གསོད་མི་སྣས་ཉིན་དེའི་གོང་མོར་གྱེན་འཕུར་གནམ་གྲུའི་ཆག་རོ་རྙེད་པ་དང་། དོན་རྐྱེན་བྱུང་ས་ནས་འདས་པོ་གསུམ་གྱི་བེམ་པོ་རྙེད། ཚེས་བཞི་ཉིན་གྱི་སྔ་དྲོར། མེ་གསོད་མི་སྣས་ཡང་བསྐྱར་དེའི་ཉེ་འདབས་ནས་འདས་པོ་གཉིས་ཀྱི་བེམ་པོ་རྙེད་པ་རེད། འདས་པོའི་གྲས་སུ་ལོ་དོན་གསུམ་ཅན་གྱི་ཨ་ཡེ་རྒན་མོ་ཞིག་དང་ལོ་ཞེ་གཉིས་ཅན་གྱི་ཨ་མ་ཞིག ལོ་བཅུ་གཉིས་ཅན་གྱི་བྱིས་པ་ཞིག་བཅས་འདུས། 

ཚེས་བཞི་ཉིན་གྱི་སྔ་དྲོར། ཁྱིམ་སྤྱོད་གནམ་གྲུ་ཆུང་བ་ཞིག་པཱ་ཞི་མུས་ནཱ་སི་ཅི་ལཱ་སི་ཀྲིག་གི་ཕཱ་ཐའོ་སི་ཏི་མུས་ནཱ་སི་གནམ་གྲུ་ཐང་གི་ཉེ་འདབས་ནས་སར་ལྷུང་བ་དང་། གནམ་གྲུའི་སྟེང་གི་མི་ལྔ་བོ་ཚང་མ་རྐྱེན་ལམ་དུ་ཤོར། འདས་པོའི་གྲས་སུ་ལོ་ཞེ་བཞི་དང་ཞེ་ལྔ་ཅན་གྱི་སྨན་པ་གཉིས་དང་། ལོ་བཅུ་ནས་བཅུ་དྲུག་བར་གྱི་བྱིས་པ་གསུམ་འདུས། 

ས་དེའི་དམག་དཔུང་གིས་བཤད་རྒྱུར། གནམ་གྲུ་ཆུང་བ་དེ་ཉིན་དེར་པཱ་ཞིའི་རྒྱལ་ས་པཱ་ཞི་ལེ་ཡཱ་ནས་འཕུར་བ་དང་། མུས་ནཱ་སི་ཅི་ལཱ་སི་ཀྲིག་གི་ཝ་ཨར་ཅི་ནཱ་གྲོང་ཁྱེར་དུ་བགྲོད་པའི་ལམ་བར་ནས་སར་ལྷུང་བ་རེད། གནམ་གྲུ་དེ་ནི་ཉིས་སྟོང་བཅུ་གསུམ་ལོར་བཟོས་པ་དང་། དཔང་ཡིག་ཚང་མ་འཛོམས་པ་དང་། གནས་ཚུལ་རྒྱུན་ལྡན་རེད། གནམ་གྲུ་དེ་སར་ལྷུང་བའི་རྒྱུ་རྐྱེན་ལ་རྟོག་ཞིབ་བྱེད་བཞིན་ཡོད། 


རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།