ཀྲུང་གོ་བོད་ཀྱི་དྲ་བ།

ཨ་མེ་རི་ཁས་དབྱི་ལིང་གི་དངུལ་ལོར་དང་ནུས་ཁུངས་སོགས་ཁྱབ་ཁོངས་ཀྱི་བཀག་སྡོམ་སླར་གསོ་བྱེད་རྒྱུ་ཁྱབ་སྒྲོག་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-11-06
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ་བཅུ་གཅིག་པའི་ཚེས་ལྔ་ཉིན། ཨ་མེ་རི་ཁའི་རྒྱལ་ས་ཝ་ཧྲིན་ཐོན་ནས། ཨ་མེ་རི་ཁའི་རྒྱལ་སྲིད་བློན་ཆེན་ཕིན་ཕའེ་ཨོ་དང་ནོར་སྲིད་བློན་ཆེན་མུའུ་ནོའུ་ཆན་གཉིས་གསར་འགོད་པའི་སྣེ་ལེན་ཚོགས་འདུར་ཞུགས། 

ཨ་མེ་རི་ཁའི་ནོར་སྲིད་པུའུ་ཡིས་ཚེས་ལྔ་ཉིན་སྤྱི་སྒྲོག་སྤེལ་ཏེ། ཉིན་དེ་ནས་བཟུང་དབྱི་ལིང་གི་དངུལ་ལོར་དང་མཚོ་ཐོག་སྐྱེལ་འདྲེན། མཁའ་འགྲུལ། ནུས་ཁུངས་བཅས་ཁྱབ་ཁོངས་ཀྱི་མི་སྒེར་དང་ཚོགས་ཁག གནམ་གྲུ། གྲུ་གཟིངས་བཅས་བདུན་བརྒྱ་ལྷག་ལ་བཀག་སྡོམ་བྱེད་ཐབས་སྤྱོད་རྒྱུ་ཡིན་པ་དང་། དེའི་ནང་དབྱི་ལིང་གི་དངུལ་ཁང་དང་རྒྱལ་ཁབ་གཞན་པར་ཡོད་པའི་ཡན་ལག་ལས་ཁུངས་ལྔ་བཅུ་དང་། དབྱི་ལིང་རྒྱལ་དབང་མཁའ་འགྲུལ་ཀུང་ཟི་དང་དེའི་ཁོངས་སུ་གཏོགས་པའི་གནམ་གྲུ་རེ་བདུན། དབྱི་ལིང་གི་ཉིང་རྡུལ་ནུས་པའི་ལས་ཁུངས་བཅས་འདུས། 

དེ་ནི་ཨ་མེ་རི་ཁས་ད་ལོའི་ཟླ་ལྔ་བར་དབྱི་ལིང་གི་ཉིང་རྡུལ་ནུས་པའི་གྲོས་མཐུན་ལས་ཕྱིར་འབུད་རྒྱུ་ཁྱབ་སྒྲོག་བྱས་རྗེས་ཐེངས་གཉིས་པར་དབྱི་ལིང་ལ་བཀག་སྡོམ་བྱེད་ཐབས་སྤྱད་པ་རེད། 

སྤྱི་སྒྲོག་ལྟར་ན། བཀག་སྡོམ་ཐེབས་མཁན་དག་གི་ཨ་མེ་རི་ཁ་དང་ཡང་ན་ཨ་མེ་རི་ཁསི་མི་སྒེར་དང་ཚོགས་ཁག་གིས་ཚོད་འཛིན་བྱེད་པའི་རྒྱུ་ནོར་ཚང་མ་ཉར་འཇོག་བྱེད་རྒྱུ་རེད། ཨ་མེ་རི་ཁའི་ནོར་སྲིད་པུའུ་ཡིས་བཤད་རྒྱུར། བཀག་སྡོམ་སླར་གསོ་བྱེད་པའི་དམིགས་ཡུལ་ནི་དབྱི་ལིང་གིས་དུས་གཏན་དུ་ཉིང་རྡུལ་ནུས་པ་བཀག་འགོག་བྱེད་པའི་གྲོས་མཐུན་འགོད་པར་ཡིད་འཐད་འབྱུང་བར་བཙན་སྐུལ་བྱེད་པའི་ཆེད་དུ་ཡིན་ཟེར། 

ཨ་མེ་རི་ཁའི་རྒྱལ་སྲིད་བློན་ཆེན་ཕིན་ཕའེ་ཨོ་ཡིས་ཉིན་དེར་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་བཤད་རྒྱུར། ཨ་མེ་རི་ཁས་གནས་སྐབས་སུ་རྒྱལ་ཁབ་དང་ས་ཁུལ་བརྒྱད་ཀྱིས་ཨ་མེ་རི་ཁས་དབྱི་ལིང་གི་བཀག་སྡོམ་སླར་གསོ་བྱས་རྗེས་མུ་མཐུད་དུ་དབྱི་ལིང་གི་རྡོ་སྣུམ་ཉོ་བསྡུ་བྱས་ཆོག་པར་བྱས་ཡོད། རྒྱལ་ཁབ་དང་ས་ཁུལ་དེ་དག་ནི་ཀྲུང་གོ་དང་རྒྱ་གར། དབྱི་ཐཱ་ལེ། ཞི་ལཱ། འཇར་པན། ཧན་གོ། ཐུར་ཁེ། ཀྲུང་གོའི་ཐེ་ཝན་ས་ཁུལ་བཅས་ཡིན་ཟེར། 

ཕིན་ཕའེ་ཨོ་ཡིས་ད་རུང་བསྟན་དོན། ཨ་མེ་རི་ཁས་དབྱི་ལིང་བར་གྲོས་མཐུན་གསར་བ་འགོད་པའི་རེ་བ་ཡོད་པ་དང་། དབྱི་ལིང་གིས་ཨ་མེ་རི་ཁས་དེའི་སྔོན་བཏོན་པའི་རེ་བ་བཅུ་གཉིས་པོ་མ་བསྐང་ན། ཨ་མེ་རི་ཁས་བརྩེ་བ་མེད་པའི་སྒོ་ནས་དབྱི་ལིང་ལ་གནོན་ཤུགས་སྟེར་ངེས་ཡིན་ཟེར། 


རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།