ཀྲུང་གོ་བོད་ཀྱི་དྲ་བ།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྐྱེ་དངོས་སྣ་མང་ཅན་གྱི་སྤྱི་ཆིངས་བཀོད་པའི་ཕྱོགས་ཁག་གི་གྲོས་ཚོགས་ཐེངས་བཅུ་བཞི་བ་ཨེ་ཅིབ་ནས་ཚོགས་མགོ་བརྩམས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-11-18
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྐྱེ་དངོས་སྣ་མང་ཅན་གྱི་སྤྱི་ཆིངས་བཀོད་པའི་ཕྱོགས་ཁག་གི་གྲོས་ཚོགས་ཐེངས་བཅུ་བཞི་བ་ཚེས་བཅུ་བདུན་ཉིན་ཨེ་ཅིབ་ཀྱི་མཚོ་འགྲམ་གྲོང་ཁྱེར་ཧྲ་མུའུ་ཧྲ་དབྱེ་ཧི་ནས་ཚོགས་མགོ་བརྩམས། རྒྱལ་ཁབ་དང་ས་ཁུལ་བརྒྱ་དང་དགུ་བཅུ་ལྷག་ནས་ཡོང་བའི་འཐུས་མི་དག་གིས་མིའི་རིགས་དང་སའི་གོ་ལའི་ཆེད་དུ་སྐྱེ་དངོས་སྣ་མང་ཅན་ལ་མ་དངུལ་གཏོང་བའི་བརྗོད་སྙིང་དེར་དམིགས་ནས་གྲོས་བསྡུར་བྱས། 

ཨེ་ཅིབ་ཀྱི་ཙུང་ཐུང་སེ་ཞི་ཡིས་གྲོས་ཚོགས་མགོ་རྩོམ་པའི་མཛད་སྒོའི་སྟེང་ཞུ་ཚིག་ཕུལ་ཏེ། གནའ་བོའི་ཨེ་ཅིབ་ཀྱི་མི་ལ་ཁོར་ཡུག་སྲུང་སྐྱོབ་དང་རང་བྱུང་ཐོན་ཁུངས་ལ་སྲུང་སྐྱོབ་བྱེད་པའི་འདུ་ཤེས་ཡོད། ཨེ་ཅིབ་ཀྱིས་སྐྱེ་དངོས་སྣ་མང་ཅན་ལ་སྲུང་སྐྱོབ་བྱེད་པར་མཐོང་ཆེན་བྱེད་པ་དང་། བཅའ་ཁྲིམས་དང་སྲིད་ཇུས་ཐད་ནས་བྱེད་ཐབས་མང་བོ་སྤྱད་ཡོད་ཟེར། 

ཨེ་ཅིབ་ཁོར་ཡུག་པུའུ་ཀྲང་ཧྥུའུ་ཨ་ཏི་ཡིས་མཚམས་སྦྱོར་བྱས་དོན། དེ་ནི་འབྲེལ་ཡོད་གྲོས་ཚོགས་དེ་ཉིས་སྟོང་ལོའི་རྗེས་སུ་ཐོག་དང་པོར་ཨ་ཧྥེ་རི་ཁ་གླིང་དུ་སྤེལ་བ་རེད། སྐྱེ་དངོས་ཀྱི་སྣ་མང་རང་བཞིན་ལ་སྲུང་སྐྱོབ་བྱེད་པའི་འཛམ་གླིང་ཡོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་བྱེད་པར་ཕན་ཐོགས་ཡོད་ཟེར། ཐེངས་འདིའི་གྲོས་ཚོགས་ནས་ཉིས་སྟོང་བཅུ་གཅིག་ལོ་ནས་ཉིས་སྟོང་ཉི་ཤུ་ལོའི་བར་གྱི་སྐྱེ་དངོས་སྣ་མང་ཅན་གྱི་འཐབ་ཇུས་འཆར་གཞི་ལག་བསྟར་བྱས་པའི་གནས་ཚུལ་ལ་དཔྱད་འཇོག་བྱེད་རྒྱུ་རེད་ཟེར། 

མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་གཞོན་པ་དང་ཁོར་ཡུག་འཆར་འགོད་ཁང་གི་ལག་བསྟར་ཀྲུའུ་རིན་སོ་ཨར་ཧེ་མུའུ་ཡིས་གྲོས་ཚོགས་ཀྱི་འབྲེལ་ཡོད་བྱ་འགུལ་ལ་ཞུགས་སྐབས་བསྟན་དོན། སྐྱེ་དངོས་ཀྱི་སྣ་མང་ཅན་ཇེ་ཉུང་དུ་འགྲོ་བ་ནི་དེང་སྐབས་འཛམ་གླིང་ཡོངས་ཀྱི་མདུན་དུ་ལྷགས་པའི་འགྲན་རྩོད་གལ་ཆེན་ཞིག་ཡིན་པ་དང་། སྐྱེ་དངོས་སྣ་མང་ཅན་གྱི་སྲུང་སྐྱོབ་དེ་རྒྱལ་ཁབ་སོ་སོའི་དཔལ་འབྱོར་འཕེལ་རྒྱས་ཀྱི་འཆར་གཞིའི་ནང་འཇོག་དགོས་ཟེར། 

ཐེངས་འདིའི་གྲོས་ཚོགས་ཀྱི་ཚོགས་ཡུན་ཉིན་བཅུ་གསུམ་ཡིན་ཞིང་། རྒྱལ་ཁབ་སོ་སོའི་སྲིད་གཞུང་གི་འཐུས་མི་ལས་གཞན། ཁེ་ལས་དང་སྲིད་གཞུང་མ་ཡིན་པའི་རྩ་འཛུགས་སོགས་འབྲེལ་ཡོད་བྱ་འགུལ་ལ་ཞུགས་བཞིན་ཡོད།   །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།