ཀྲུང་གོ་བོད་ཀྱི་དྲ་བ།

ཧྥེ་ཅིའི་སྲིད་འཛིན་ཏང་ལ་ཉིས་སྟོང་བཅོ་བརྒྱད་ལོའི་རྒྱལ་ཡོངས་འདེམ་བསྐོའི་ཁྲོད་རྒྱལ་ཁ་ཐོབ།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-11-19
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཧྥེ་ཅིའི་འདེམ་བསྐོ་ཨུ་ཡོན་ལྷན་ཁང་གིས་ཚེས་བཅོ་བརྒྱད་ཉིན་ཁྱབ་སྒྲོག་བྱས་པའི་རྒྱུ་ཆ་ལྟར་ན། སྲིད་འཛིན་པའི་ཧྥེ་ཅིའི་སྔོན་ཐོན་ཏང་ལ་ཟླ་འདིའི་ཚེས་བཅུ་བཞིའི་ཉིན་སྤེལ་བའི་རྒྱལ་ཡོངས་ཀྱི་འདེམ་བསྐོའི་བྱ་འགུལ་ཆེན་མོའི་ཁྲོད་རྒྱལ་ཁ་ཐོབ་པ་དང་། ཏང་ཁག་དེའི་མགོ་ཁྲིད་པ། ད་ལྟའི་ཙུང་ལི་མུའུ་པེ་ནེ་མཱ་ལཱ་མཱ་ཡིས་ཡང་བསྐྱར་ནེ་ཀི་རྩ་འཛུགས་བྱེད་རྒྱུ་རེད། 

འདེམ་བསྐོ་ཨུ་ཡོན་ལྷན་ཁང་གིས་ཁྱབ་སྒྲོག་བྱས་པའི་རྒྱུ་ཆ་ལྟར་ན། ཧྥེ་ཅིའི་སྔོན་ཐོན་ཏང་ལ་འདེམ་ཤོག་འབུམ་གཉིས་དང་ཁྲི་གཉིས་སྟོང་བདུན་ཙམ་ཐོབ་པ་དང་། འདེམ་ཤོག་སྤྱི་གྲངས་ཀྱི་བརྒྱ་ཆའི་ལྔ་བཅུ་ལྷག་ཟིན་ཡོད། ཧྥེ་ཅིའི་གྲོས་ཁང་གི་ལས་གནས་ང་གཅིག་ཁྲོད་ཉེར་བདུན་ཟིན་ཡོད། ཧྥེ་ཅིའི་ཆེས་ཆེ་བའི་ངོ་རྒོལ་ཏང་སྤྱི་ཚོགས་དམངས་གཙོ་ཏང་དབང་ཏང་ལ་འདེམ་ཤོག་ཐོབ་ཚད་ཨང་གཉིས་པ་ཡིན་ལ། ལས་གནས་ཉེར་གཅིག་ཐོབ་ཡོད། ཧྥེ་ཅིའི་མི་རིགས་མནའ་འབྲེལ་ཏང་ལ་དེའི་འཕྲོའི་ལས་གནས་གསུམ་ཐོབ་ཡོད་པ་རེད། 
མུའུ་པེད་ནེ་མཱ་ལཱ་མཱ་ཡིས་ཚེས་བཅོ་བརྒྱད་ཉིན་གསལ་སྒྲོག་ཅིག་ལས་བཤད་རྒྱུར། མུ་མཐུད་དུ་ཧྥེ་ཅིའི་ཙུང་ལིའི་འགན་ཁུར་ཐུབ་པ་བྱུང་བར་དགའ་སྤྲོ་ཆེན་པོ་སྐྱེས་ཡོད་པ་དང་། ཧྥེ་ཅིའི་འདེམ་དམངས་མང་ཆེ་བས་ཧྥེ་ཅིའི་སྔོན་ཐོན་ཏང་ལ་འདེམ་ཤོག་འཕངས་ཏེ། ཏང་ཁག་དེའི་བཟོད་སྒོམ་རང་བཞིན་གྱི་འཕེལ་རྒྱས་སྲིད་ཇུས་ལ་རྒྱབ་སྐྱོར་བྱེད་བཞིན་ཡོད་ཟེར། 
དེ་ནི་ཧྥེ་ཅི་ནས་ཉིས་སྟོང་དྲུག་ལོར་དམག་དོན་སྲིད་འགྱུར་བྱུང་བའི་ཚུན་གྱི་རྒྱལ་ཡོངས་འདེམ་བསྐོའི་བྱ་འགུལ་ཐེངས་གཉིས་པ་རེད། སྐབས་སྔོན་མའི་འདེམ་བསྐོའི་བྱ་འགུལ་དེ་ཉིས་སྟོང་བཅུ་བཞིའི་ལོར་སྤེལ་བ་རེད།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།