ཀྲུང་གོ་བོད་ཀྱི་དྲ་བ།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལེ་པཱ་ནུན་དུ་སྡོད་པའི་དམག་དཔུང་གིས་ལེ་པཱ་ནུན་དང་དབྱི་སི་རལ་ཕྱོགས་གཉིས་ཀྱིས་ཕྱོགས་གཅིག་གི་འགུལ་སྐྱོད་སྤེལ་མི་རུང་བའི་འབོད་སྐུལ་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-12-06
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ལེ་པཱ་ནུན་དུ་སྡོད་པའི་མཉམ་འབྲེལ་རྒྱལ་ཚོགས་གནས་སྐབས་དམག་དཔུང་གི་དམག་སྤྱི་ཏི་ཨར་ཁི་ཨར་གྱིས་ཚེས་ལྔ་ཉིན་ལེ་པཱ་ནུན་དང་དབྱི་སི་རལ་གྱིས་ཕྱོགས་གཅིག་གི་འགུལ་སྐྱོད་སྤེལ་བར་སྔོན་འགོག་བྱས་ཏེ། གནས་བབ་ལ་ཤུགས་རྐྱེན་ངན་པ་ཐེབས་པར་སྔོན་འགོག་བྱེད་དགོས་པའི་འབོད་སྐུལ་བཏང་། 

ཏི་ཨར་ཁི་ཨར་གྱིས་ཉིན་དེར་ལེ་པཱ་ནུན་ལྷོ་ཕྱོགས་ཀྱི་ནཱ་ཀུའུ་ལཱ་གྲོང་རྡལ་དུ་སྡོད་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གནས་སྐབས་དམག་དཔུང་གི་དམག་སྤྱི་པུའུ་ཡིས་ལེ་པཱ་ནུན་དང་དབྱི་སི་རལ་ཕྱོགས་གཉིས་ཀྱི་དམག་དཔུང་གི་མཐོ་རིམ་དཔོན་པོ་ཞུགས་པའི་ཕྱོགས་གསུམ་གྱི་གྲོས་མོལ་ལ་མགོ་འཛིན་བྱས་པ་དང་། ལེ་པཱ་ནུན་དང་དབྱི་སི་རལ་ཕྱོགས་གཉིས་ཀྱི་མཐའ་མཚམས་གནས་བབ་ཐད་ནས་གྲོས་བསྡུར་བྱས། 

མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལེ་པཱ་ནུན་དུ་སྡོད་པའི་གནས་སྐབས་དམག་དཔུང་གིས་གསལ་སྒྲོག་ཅིག་གི་ནང་བསྟན་དོན། གྲོས་མོལ་བྱེད་སྐབས། ཏི་ཨར་ཁི་ཨར་གྱིས་ལེ་པཱ་ནུན་དུ་སྡོད་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གནས་སྐབས་དམག་དཔུང་གི་འབྲེལ་གཏུག་དང་མཐུན་སྦྱོར་རྐྱེན་སྲོལ་དེས་ཛ་དྲག་གི་གནས་བབ་ཞི་འཇགས་སུ་གཏོང་བའི་ཐད་ནུས་པ་གལ་ཆེན་བཏོན་ཡོད་པ་ནན་བཤད་བྱས། ལེ་པཱ་ནུན་དང་དབྱི་སི་རལ་ཕྱོགས་གཉིས་ཀྱིས་ཕྱོགས་གསུམ་གྱི་གྲོས་མོལ་སོགས་རྐྱེན་སྲོལ་བེད་སྤྱད་དེ་རྒྱལ་ཁབ་གཉིས་ཀྱི་མཐའ་མཚམས་བདེ་འཇགས་དང་གཏན་འཇགས་ལ་འགན་སྲུང་བྱེད་དགོས་པའི་འབོད་སྐུལ་བཏང་། 

ཏི་ཨར་ཁི་ཨར་གྱིས་བསྟན་དོན། ཕྱོགས་སོ་སོས་གྲོས་མོལ་བྱེད་སྐབས་ལེ་པཱ་ནུན་དུ་སྡོད་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གནས་སྐབས་དམག་དཔུང་གིས་གཟའ་འཁོར་འདིའི་ནང་ལག་རྩལ་ཚན་ཆུང་ཞིག་དབྱི་སི་རལ་དུ་མངག་ནས་དབྱི་སི་རལ་དམག་དཔུང་གི་བྱང་འགོག་འགུལ་སྐྱོད་དང་འབྲེལ་བའི་གནས་ཚུལ་ལ་རྟོག་ཞིབ་བྱེད་དུ་འཇུག་པར་འཐད་པ་བྱུང་ཡོད་ཟེར། 

དབྱི་སི་རལ་རྒྱལ་སྲུང་དམག་དཔུང་གིས་ཚེས་བཞིའི་ཉིན་ཁྱབ་སྒྲོག་བྱས་དོན། དབྱི་སི་རལ་དམག་དཔུང་གིས་བྱང་འགོག་འགུལ་སྐྱོད་སྤེལ་ཏེ། ལེ་པཱ་ནུན་གྱི་ཀྲིན་ཀྲུའུ་ཏང་གིས་སྔོག་འདོན་བྱས་པའི་ལེ་པཱ་ནུན་ནས་དབྱི་སི་རལ་བར་གྱི་ས་འོག་རྒྱུ་ལམ་འགའ་གཏོར། ལེ་པཱ་ནུན་དམག་ཕྱོགས་ཀྱིས་ཚེས་ལྔ་ཉིན་ཕྱོགས་གསུམ་གྱིས་གྲོས་མོལ་བྱས་རྗེས་སྤེལ་བའི་གསལ་སྒྲོག་ནང་བསྟན་དོན། ཀྲིན་ཀྲུའུ་ཏང་གི་ས་འོག་རྒྱུ་ལམ་ཞེས་པ་ནི་དབྱི་སི་རལ་གྱི་བཤད་སྲོལ་ཙམ་ཡིན་ཟེར།།

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།