ཀྲུང་གོ་བོད་ཀྱི་དྲ་བ།

ཨ་མེ་རི་ཁའི་རྒྱལ་སྲུང་པུའུ་ཡིས་ཝུའུ་ཁི་ལན་ནས་དམིགས་བསལ་འཕུར་སྐྱོད་ལས་འགན་ལག་བསྟར་བྱེད་རྒྱུའི་ཚུལ་བསྟན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-12-07
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨ་མེ་རི་ཁའི་རྒྱལ་སྲུང་པུའུ་ཡིས་ཚེས་དྲུག་ཉིན་བཤད་རྒྱུར། ཨ་མེ་རི་ཁ་དང་མནའ་མཐུན་རྒྱལ་ཁབ་ཀྱི་མི་སྣས་ཝུའུ་ཁི་ལན་གྱི་བར་སྣང་ནས་དམིགས་བསལ་གྱི་འཕུར་སྐྱོད་ལས་འགན་ཞིག་ལག་བསྟར་བྱེད་རྒྱུ་ཡིན་ཟེར། 

ཨ་མེ་རི་ཁའི་རྒྱལ་སྲུང་པུའུ་ཡིས་ཉིན་དེར་གསལ་སྒྲོག་སྤེལ་ཏེ། ཐེངས་འདིའི་དམིགས་བསལ་འཕུར་སྐྱོད་ལས་འགན་དེ་བར་སྣང་སྒོ་འབྱེད་སྲོལ་ཡིག་གཞིར་བཟུང་ནས་ལག་བསྟར་བྱེད་རྒྱུ་ཡིན་པ་དང་། སྐབས་ཐོག་འདིར་འགུལ་སྐྱོད་དེ་འདྲ་སྤེལ་བའི་དམིགས་ཡུལ་ནི་ཨ་མེ་རི་ཁས་ཝུའུ་ཁི་ལན་དང་དེའི་གྲོགས་པོའི་རྒྱལ་ཁབ་ཀྱི་ཁས་ལེན་དམ་བཅའ་བསྐྱར་སྒྲོག་བྱེད་ཆེད་ཡིན་ཟེར། 
གསལ་སྒྲོག་ལས་ཨུ་རུ་སི་ཡིས་དཀྲུག་འཕེན་དང་འཇིགས་སྐུལ་རང་བཞིན་གྱི་འགུལ་སྐྱོད་སྤེལ་བ་དང་། མཚོ་ནག་གི་ཁི་ཁྲུ་མཚོ་འགག་དང་ཉེ་བའི་ས་ཁུལ་དུ་ཝུའུ་ཁི་ལན་གྱི་མཚོ་དམག་གི་གྲུ་གཟིངས་ལ་འཇབ་རྒོལ་བྱས་པར་རྒོལ་གཏམ་བཏང་། གསལ་སྒྲོག་ལས་ད་རུང་བཤད་རྒྱུར། ཨུ་རུ་སི་ཡིས་མུ་མཐུད་དུ་ཝུའུ་ཁི་ལན་སོགས་ས་ཁུལ་ནས་བྱ་འགུལ་དེ་འདྲ་སྤེལ་ན། ཨ་མེ་རི་ཁ་དང་ཨུ་རུ་སིའི་འབྲེལ་བ་ལེགས་བཅོས་ཐབས་མེད་ཟེར།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།