ཀྲུང་གོ་བོད་ཀྱི་དྲ་བ།

དབྱི་སི་རལ་དམག་དཔུང་ལཱ་མུའུ་ཨན་ལཱ་རུ་སོང་ནས་ཕཱ་ལེ་སི་ཐན་གྱི་མི་ཉེར་བདུན་རྨས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-12-11
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  དབྱི་སི་རལ་གྱི་དམག་མི་ཚེས་བཅུའི་ཉིན་ཅོར་ཏན་གཙང་བོའི་ནུབ་འགྲམ་གྱི་གྲོང་ཁྱེར་ལཱ་མུའུ་ཨན་ལཱ་རུ་སོང་ནས་འགུལ་སྐྱོད་སྤེལ། ཕཱ་ལེ་སི་ཐན་ཟླ་གསར་དམར་པོ་ཚོགས་པས་བཤད་རྒྱུར། དབྱི་སི་རལ་གྱི་དམག་མིས་འགུལ་སྐྱོད་སྤེལ་སྐབས་ཕཱ་ལེ་སི་ཐན་གྱི་མི་ཉེར་བདུན་རྨས་ཡོད་ཟེར། 

གསར་འགོད་པ་དང་གནས་ཚུལ་དངོས་སུ་མཐོང་མཁན་གྱིས་བཤད་རྒྱུར། དབྱི་སི་རལ་དམག་དཔུང་གི་འཁྲབ་ལྡན་འཁོར་ལོ་མང་བོ་ཉིན་དེའི་ཞོགས་པ་ནས་བཟུང་ལཱ་མུའུ་ཨན་ལཱ་གྲོང་ཁྱེར་གྱི་བྱང་ཤར་ཕྱོགས་ནས་གྲོང་ཁྱེར་དེར་ཡོང་བ་དང་། སྲང་ལམ་གཙོ་བོ་ཞིག་བཀག་སྡོམ་བྱས་པར་མ་ཟད་མི་བསྡད་མེད་པའི་གནམ་གྲུ་འགའ་བེད་སྤྱད་དེ་མྱུལ་ཞིབ་བྱས། 

ཉིན་དེའི་ཕྱི་དྲོར། དབྱི་སི་རལ་གྱི་དམག་དཔུང་ཕཱ་ལེ་སི་ཐན་གྱི་ཙུང་ཐུང་བཞུགས་ཤག་གི་ཉེ་འདབས་ཀྱི་ཕཱ་ལེ་སི་ཐན་འཕྲིན་གཏོང་ཁང་དུ་ཡོང་ནས། དེའི་ནང་གི་ལས་བྱེད་མི་སྣར་བཀག་སྡོམ་བྱས་པ་དང་སྒྲིག་ཆས་རེ་འགར་རྟོག་ཞིབ་བྱས། དབྱི་སི་རལ་གྱི་དམག་དཔུང་གིས་ད་རུང་ཕཱ་ལེ་སི་ཐན་འཕྲིན་གཏོང་ཁང་དུ་འདུས་པའི་མི་ཚོགས་ལ་མེ་མདས་བརྒྱབ་པ་རེད། 

དབྱི་སི་རལ་གྱི་དམག་དཔུང་དག་ཉིན་དེའི་དགོང་མོར་ལཱ་མུའུ་ཨན་ལཱ་དང་ཁ་བྲལ་བ་རེད། 

ཕཱ་ལེ་སི་ཐན་ཟླ་གསར་དམར་པོ་ཚོགས་པའི་མི་སྣས་བཤད་རྒྱུར། དབྱི་སི་རལ་གྱི་དམག་དཔུང་གིས་ཐེངས་འདིའི་འགུལ་སྐྱོད་ཁྲོད་ཕཱ་ལེ་སི་ཐན་གྱི་མི་ཉེར་བདུན་རྨས་ཡོད་ཟེར། 

ཕཱ་ལེ་སི་ཐན་བཅིངས་འགྲོལ་རྩ་འཛུགས་ལག་བསྟར་ཨུ་ཡོན་ལྷན་ཁང་གི་དྲུང་ཡིག་ཆེན་མོ་ཨེ་ལོས་ཁཱ་ཐི་ཡིས་ཉིན་དེར་གསལ་སྒྲོག་སྤེལ་ཏེ། ཕཱ་ལེ་སི་ཐན་ཕྱོགས་ཀྱིས་དབྱི་སི་རལ་གྱི་དམག་དཔུང་ལཱ་མུའུ་ཨན་ལཱ་རུ་ཡོང་ནས་གསར་འགྱུར་ལས་ཁུངས་ལ་དམིགས་ཏེ་འགུལ་སྐྱོད་སྤེལ་བར་ངོ་རྒོལ་དྲག་པོ་བྱེད་བཞིན་ཡོད་ཟེར། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།