ཀྲུང་གོ་བོད་ཀྱི་དྲ་བ།

ཨུ་རུ་སིའི་ཕྱི་འབྲེལ་པུའུ་ཡིས་ཝུའུ་ཁི་ལན་གྱིས་ཏོན་པཱ་སི་ས་ཁུལ་དུ་དམག་དོན་དཀྲུག་འཕེན་བྱེད་རྩིས་ཡོད་པའི་ཚུལ་བསྟན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-12-14
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨུ་རུ་སིའི་ཕྱི་འབྲེལ་པུའུ་ཡི་མགྲིན་ཚབ་པ་ཀྲ་ཧཱ་ལོ་ཝ་ཡིས་ཚེས་བཅུ་གསུམ་ཉིན་བཤད་རྒྱུར། ཝུའུ་ཁི་ལན་གྱིས་ཏོན་པཱ་སི་ས་ཁུལ་གྱི་མཱ་ལི་ཝུའུ་པའོ་ཨར་ཕྱོགས་སུ་དམག་དོན་དཀྲུག་འཕེན་བྱེད་པར་གྲ་སྒྲིག་བྱེད་བཞིན་ཡོད་ཟེར། 

ཀྲ་ཧཱ་ལོ་ཝ་ཡིས་ཉིན་དེར་སྤེལ་བའི་རྒྱུན་ལྡན་གྱི་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་བསྟན་དོན། རྒྱུས་ལོན་བྱུང་བའི་གནས་ཚུལ་ལྟར་ན། ཝུའུ་ཁི་ལན་དབང་འཛིན་ལས་ཁུངས་ཀྱིས་ཉེ་སྔོན་རང་གིས་ས་ཁུལ་སྐོར་ཞིག་ནས་ལག་བསྟར་བྱས་པའི་འཐབ་འཁྲུག་གི་རྣམ་པ་བེད་སྤྱད་དེ། མཱ་ལི་ཝུའུ་པའོ་ཨར་ཕྱོགས་ལ་དཔུང་འཇུག་བྱེད་རྒྱུ་ཡིན་པ་དང་། ཡཱ་སུའུ་མཚོ་འགྲམ་ས་ཁུལ་ནས་ཐད་ཀར་ཨུ་རུ་སིའི་མཐའ་མཚམས་བར་དཔུང་འཇུག་བྱེད་རྩིས་ཡོད་ཟེར། 

མཱ་ལི་ཝུའུ་པའོ་ཨར་ནི་ཡཱ་སུའུ་མཚོ་ཁའི་གྲུ་ཁའི་གྲོང་ཁྱེར་ཡིན་པ་དང་། ཝུའུ་ཁི་ལན་དང་ཨུ་རུ་སིའི་མཐའ་མཚམས་ས་ཁུལ་དང་ཉེ། མིག་སྔར་ཏོན་ནེ་ཚི་ཁི་དམངས་ཁྲོད་དྲག་ཆས་པས་ཚོད་འཛིན་བྱས་ཡོད། ཡཱ་སུའུ་མཚོ་ནི་ཝུའུ་ཁི་ལན་དང་ཨུ་རུ་སི་རྒྱལ་ཁབ་གཉིས་ལ་དབང་ཞིང་བཀག་སྡོམ་རྒྱ་བསྡམས་པའི་མཚོ་ཁོངས་ཤིག་ཡིན་པ་རེད། 

ཀྲ་ཧཱ་ལོ་ཝ་ཡིས་བསྟན་དོན། ཝུའུ་ཁི་ལན་གྱི་ཙུང་ཐུང་པའོ་ལོ་ཧྲིན་ཁིའི་བྱ་སྤྱོད་དེའི་དམིགས་ཡུལ་ནི་གནས་བབ་ཛ་དྲག་ཏུ་གཏོང་བའི་ཐབས་ལ་བརྟེན་ནས་འཐབ་འཁྲུག་གི་རྣམ་པའི་རྒྱུན་བསྲིངས་པ་དང་། ཐ་ན་ཝུའུ་ཁི་ལན་གྱི་ཙུང་ཐུང་འདེམ་བསྐོ་རྩིས་མེད་དུ་གཏོང་བའི་ཆེད་རེད་ཟེར། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།