ཀྲུང་གོ་བོད་ཀྱི་དྲ་བ།

ཨུ་རུ་སིའི་རྒྱལ་སྲུང་བློན་ཆེན་གྱིས་ཨ་མེ་རི་ཁར་གྲོས་ཚོགས་བསྡུ་བའི་བརྡ་བཏང་ནས་འབྲིང་འཕེན་འཕུར་མདའི་ཆིངས་ཡིག་གི་གནད་དོན་ལ་གྲོས་བསྡུར་བྱེད་དགོས་པའི་རེ་བ་བཏོན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-12-16
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨུ་རུ་སིའི་རྒྱལ་སྲུང་པུའུ་ཡི་མགྲིན་ཚབ་པ་ཁི་ནཱ་ཧྲིན་ཁི་ཧྥུའུ་ཡིས་ཚེས་བཅོ་ལྔ་ཉིན་བཤད་རྒྱུར། ཨུ་རུ་སིའི་རྒྱལ་སྲུང་བློན་ཆེན་ཧྲའོ་དབྱེ་ཀུའུ་ཡིས་ཉེ་སྔོན་ཨ་མེ་རི་ཁའི་རྒྱལ་སྲུང་བློན་ཆེན་ལ་གྲོས་ཚོགས་བསྡུ་བའི་བརྡ་ཐེངས་གཉིས་ལ་བཏང་སྟེ། འབྲིང་འཕེན་འཕུར་མདའི་ཆིངས་ཡིག་གི་གནད་དོན་དང་སི་རི་ཡཱའི་གནས་བབ་གནད་དོན་ལ་གྲོས་བསྡུར་བྱེད་དགོས་པའི་རེ་བ་བཏོན། 

ཁི་ནཱ་ཧྲིན་ཁི་ཧྥུའུ་ཡིས་བཤད་རྒྱུར། གྲོས་ཚོགས་བསྡུ་བའི་བརྡ་དང་པོའི་ནང་ཧྲའོ་དབྱེ་ཀུའུ་ཡིས་ཨུ་རུ་སི་དང་ཨ་མེ་རི་ཁ་རྒྱལ་ཁབ་གཉིས་ཀྱི་རྒྱལ་སྲུང་སྡེ་ཁག་གིས་གྲོས་མོལ་བྱས་ནས། འབྲིང་འཕེན་འཕུར་མདའི་ཆིངས་ཡིག་ལག་བསྟར་བྱེད་པའི་ཐད་ཀྱི་འགལ་བར་གྲོས་བསྡུར་བྱེད་དགོས་པའི་གྲོས་གཞི་བཏོན། ཧྲའོ་དབྱེ་ཀུའུ་ཡིས་ནན་གྱིས་བསྟན་དོན། ཨུ་རུ་སི་ཡིས་ཨུ་རུ་སི་དང་ཨ་མེ་རི་ཁ་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་དང་རྒྱལ་སྤྱིའི་གནད་དོན་གལ་ཆེན་ཐད་ནས་ཨ་མེ་རི་ཁའི་བར་སྒོ་འབྱེད་དངོས་གཉེར་གྱི་གྲོས་མོལ་བྱེད་འདོད་ཡོད་ཟེར། གྲོས་ཚོགས་བསྡུ་བའི་བརྡ་གཉིས་པའི་ནང་ཧྲའོ་དབྱེ་ཀུའུ་ཡིས་ཨ་མེ་རི་ཁས་ཚོད་འཛིན་བྱེད་པའི་སི་རི་ཡཱའི་མངའ་ཁོངས་སྟེང་གི་ཁུའུ་ཨར་ཏི་བ་དང་ཨ་རབ་པའི་འགལ་བ་ཇེ་དྲག་ཏུ་འགྲོ་བར་སེམས་ཁུར་ཆེན་པོ་བྱེད་བཞིན་ཡོད་ཟེར། 

ཁི་ནཱ་ཧྲིན་ཁི་ཧྥུའུ་ཡིས་བཤད་རྒྱུར། ཨུ་རུ་སིའི་ཕྱོགས་ལ་ད་ལྟའི་བར་ཨ་མེ་རི་ཁའི་ལན་འབྱོར་མེད་པ་དང་། དེ་ལས་ཨ་མེ་རི་ཁས་གོང་གི་གནད་དོན་ཐད་ནས་ཨུ་རུ་སིའི་བར་གྲོས་མོལ་བྱེད་འདོད་མེད་པ་མཚོན་ཡོད་ཟེར། །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།