ཀྲུང་གོ་བོད་ཀྱི་དྲ་བ།

ཧན་གོའི་དམག་ཕྱོགས་ཀྱིས་ཉིས་སྟོང་བཅུ་དགུའི་ལོར་ཧན་གོ་དང་ཁྲའོ་ཞན་བར་གྱི་དམག་དོན་ཡིད་ཆེས་ཇེ་དྲག་ཏུ་གཏོང་བར་འབད་བརྩོན་བྱེད་རྒྱུའི་ཚུལ་བསྟན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-12-21
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཧན་གོའི་རྒྱལ་སྲུང་པུའུ་ཡིས་ཚེས་ཉི་ཤུའི་ཉིན་ཉིས་སྟོང་བཅུ་དགུ་ལོའི་རྒྱལ་སྲུང་བྱ་བའི་སྙན་ཞུ་སྤེལ། སྙན་ཞུ་ལས་བསྟན་དོན། ཉིས་སྟོང་བཅུ་དགུའི་ལོར་ཧན་གོའི་ཕྱོགས་ཀྱིས་སྔར་ལས་ལྷག་པའི་སྒོ་ནས་པན་མིན་ཏེན་བསྒྲགས་གཏམ་དེ་དམག་དོན་ཁྱབ་ཁོངས་སུ་ལག་བསྟར་བྱེད་པའི་གྲོས་མཐུན་དངོས་འབེབ་བྱས་ཏེ། ལྷོ་བྱང་བར་གྱི་དམག་དོན་ཡིད་ཆེས་ཇེ་དྲག་ཏུ་གཏོང་རྒྱུ་ཡིན་ཟེར། 

སྙན་ཞུ་དེ་ལྟར་ན། ཧན་གོའི་དམག་ཕྱོགས་ཀྱིས་སང་ལོར་མུ་མཐུད་དུ་པན་མིན་ཏེན་བསྒྲགས་གཏམ་དེ་དམག་དོན་ཁྱབ་ཁོངས་སུ་ལག་བསྟར་བྱེད་པའི་གྲོས་མཐུན་དངོས་འབེབ་བྱས་ནས། པན་མིན་ཏེན་ཐུན་མོང་དོགས་ཟོན་ས་ཁུལ་དེ་དམག་དོན་མ་ཡིན་པ་ཅན་དུ་བསྒྱུར་ཏེ། ལྷོ་བྱང་བར་གྱི་ཕན་ཚུན་རང་དབང་འགྲོ་འོང་མངོན་འགྱུར་བྱེད་པར་སྐུལ་འདེད་གཏོང་རྒྱུ་རེད། 

སྙན་ཞུ་དེར་གཞིགས་ན། ཧན་གོའི་ཕྱོགས་ཀྱིས་ཁྲའོ་ཞན་བར་གྲོས་མོལ་བྱས་ཏེ་ལྷོ་བྱང་དམག་དོན་ཐུན་མོང་ཨུ་ཡོན་ལྷན་ཁང་འཛུགས་པར་གྲོས་བསྡུར་བྱེད་བཞིན་ཡོད་པ་དང་། དུས་ཚིགས་རེར་གྲོས་མོལ་ཐེངས་རེ་སྤེལ་ནས་ལྷོ་བྱང་དམག་དོན་ཁྱབ་ཁོངས་ཀྱི་ཐག་གཅོད་མ་བྱས་པའི་གནད་དོན་ལ་གྲོས་བསྡུར་བྱེད་པའི་འཆར་གཞི་ཡོད། དེ་ལས་གཞན་ཧན་གོའི་ཕྱོགས་ཀྱིས་ད་རུང་ལྷོ་བྱང་དམག་དོན་སྡེ་ཁག་བར་ཐད་གཏོང་ཁ་པར་འཛུགས་པར་སྐུལ་འདེད་གཏོང་རྒྱུ་རེད། 

སྙན་ཞུ་ལས་ད་རུང་བཤད་རྒྱུར། ཧན་གོའི་ཕྱོགས་ཀྱིས་འབད་བརྩོན་བྱས་ཏེ་ཧན་གོ་དང་ཨ་མེ་རི་ཁའི་མནའ་མཐུན་འབྲེལ་བ་སྲུང་འཛིན་བྱས་པའི་རྨང་གཞིའི་སྟེང་། འཐབ་འཁྲུག་བྱེད་སྐབས་ཀྱི་བཀོད་འདོམ་དབང་ཆ་སྔ་མོ་ནས་བརྒྱུད་སྤྲོད་བྱེད་པའི་གྲ་སྒྲིག་བྱ་བ་བཟང་བོར་བསྒྲུབས་ནས། ཧན་གོའི་དམག་དཔུང་གཙོ་བྱས་པའི་ཧན་གོ་དང་ཨ་མེ་རི་ཁའི་མཉམ་འབྲེལ་འགོག་སྲུང་མ་ལག་འཛུགས་པར་བྲེལ་བཞིན་ཡོད། ཧན་གོའི་ཕྱོགས་ཀྱིས་ད་རུང་ཨ་མེ་རི་ཁའི་བར་གྲོས་མོལ་བྱས་ནས་ཧན་གོ་དང་ཨ་མེ་རི་ཁའི་མཉམ་འབྲེལ་དམག་དོན་སྦྱོང་བརྡར་གྱི་གཞི་རྒྱ་ལེགས་སྒྲིག་བྱེད་རྒྱུ་རེད། 

ཉིན་དེར་ཧན་གོའི་རྒྱལ་སྲུང་བློན་ཆེན་ཀྲིན་ཅིན་ཏིག་གིས་ཧན་གོའི་ཙུང་ཐུང་ཝུན་ཙེ་ཡུན་ལ་ཉིས་སྟོང་བཅུ་དགུ་ལོའི་བྱ་བའི་འཆར་གཞི་སྙན་ཞུ་བྱས། ཝུན་ཙེ་ཡུན་གྱིས་བསྟན་དོན། སང་ལོར་གཡོ་འགུལ་སྤུ་ཙམ་ཡང་མེད་པར་ཕྱེད་གླིང་གི་ཞི་བདེའི་འཕེལ་རིམ་ལ་ཡར་སྐུལ་བྱས་ཏེ། ཞི་བདེའི་དུས་རབས་སུ་བསྐྱོད་པའི་ཞོར་དུ་སྟོབས་དང་ལྡན་པའི་བདེ་སྲུང་སྟོབས་ཤུགས་དེ་རྒྱབ་རྟེན་དུ་བྱེད་དགོས་ཟེར། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།