ཀྲུང་གོ་བོད་ཀྱི་དྲ་བ།

བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་གྲོས་ཆོད་བཀོད་དེ་ཡེ་མིན་སྲིད་གཞུང་དང་ཧུའུ་སེ་དྲག་ཆས་པས་བཀོད་པའི་གྲོས་མཐུན་ལ་རྒྱབ་སྐྱོར་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-12-22
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་ཚེས་ཉེར་གཅིག་ཉིན་གྲོས་ཆོད་བཀོད་དེ། ཡེ་མིན་སྲིད་གཞུང་དང་ཧུའུ་སེ་དྲག་ཆས་པས་སུའེ་ཏེན་ནས་བཀོད་པའི་གྲོས་མཐུན་ལ་རྒྱབ་སྐྱོར་བྱས་པ་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ལྟ་ཞིབ་པ་མངག་ནས་གྲོས་མཐུན་དེ་ལག་བསྟར་བྱས་པའི་གནས་ཚུལ་ལ་ལྟ་རྟོག་བྱེད་པའི་དབང་ས་བསྩལ། 

གྲོས་ཆོད་ལས་ཡེ་མིན་སྲིད་གཞུང་དང་ཧུའུ་སེ་དྲག་ཆས་པས་གྲོས་མཐུན་དངོས་འབེབས་བྱེད་དགོས་པའི་སྐུལ་མ་བཏང་བ་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོས་སྔོན་བསྐྱོད་རུ་ཁག་ཅིག་རྩ་འཛུགས་བྱས་ཏེ་ཕྱོགས་གཉིས་ཀྱིས་གྲོས་མཐུན་དངོས་འབེབ་བྱས་པའི་གནས་ཚུལ་ལ་ལྟ་རྟོག་ཡར་སྐུལ་བྱེད་པའི་དབང་ཆ་བསྩལ། 

གྲོས་ཆོད་ལས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོས་ད་ལོའི་ལོ་མཇུག་གི་སྔོན་ལ་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཇི་ལྟར་གྲོས་མཐུན་དེར་རྒྱབ་སྐྱོར་བྱེད་པར་གྲོས་གཞི་བཏོན་པ་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོས་གཟའ་འཁོར་རེར་གྲོས་མཐུན་ལག་བསྟར་བྱས་པའི་གནས་ཚུལ་དང་གྲོས་མཐུན་དང་འགལ་བའི་གནས་ཚུལ་སྙན་ཞུ་བྱེད་དགོས་པའི་རེ་བ་བཏོན། 

གྲོས་ཆོད་ལས་ཚོང་ལས་དང་མི་ཆོས་རིང་ལུགས་ཀྱི་དངོས་རྫས། མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་མི་སྣ་བཅས་བདེ་བླག་ངང་ཡེ་མིན་དུ་སོང་ནས་ཡེ་མིན་མངའ་ཁོངས་སུ་བཀག་རྒྱ་མེད་པར་འགན་སྲུང་བྱེད་དགོས་པའི་རེ་བ་བཏོན་པ་དང་། ཡེ་མིན་གྱི་གྲུ་ཁ་སོ་སོའི་འཁོར་སྐྱོད་དང་སྐམ་སའི་བར་གྱི་རྒྱུ་ལམ་བཀག་མེད་ཡོང་བར་འགན་སྲུང་བྱེད་དགོས་པར་མ་ཟད། རྒྱལ་ས་སཱ་ནཱའི་གནམ་གྲུ་ཐང་གིས་ཚོང་ལས་ཐད་ཀྱི་གནམ་གྲུ་ཡང་བསྐྱར་སྒོ་འབྱེད་བྱེད་པར་འགན་སྲུང་བྱེད་དགོས་ཟེར། 

མཉམ་འབྲེལ་རྒྱལ་ཚོགས་ཀྱིས་མགོ་འཛིན་བྱས་པའི་སྐོར་ཐེངས་གསར་བའི་ཡེ་མིན་གྱི་ཞི་བའི་གྲོས་མོལ་དེ་ཚེས་བཅུ་གསུམ་ཉིན་སུའེ་ཏེན་ནས་མཇུག་སྒྲིལ། ཡེ་མིན་སྲིད་གཞུང་དང་ཧུའུ་སེ་དྲག་ཆས་པའི་གྲོས་མོལ་འཐུས་མིས་འཁྲུག་རྩོད་མཚམས་འཇོག་པ་དང་། བཟུང་དམག་བརྗེ་སྤོར་བྱེད་པ། ཧི་ཐེ་ཏཱའི་ཚོད་འཛིན་དབང་ཆ་སོགས་གྲོས་མཐུན་གལ་ཆེན་ཐད་ནས་གྲོས་འཆམ་བྱུང་། །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།