ཀྲུང་གོ་བོད་ཀྱི་དྲ་བ།

ཐི་ལིང་ཕུའུ་ཡིས་ཨ་མེ་རི་ཁའི་རྒྱལ་སྲུང་བློན་ཆེན་ཚབ་མ་བསྐོ་འཇོག་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-12-24
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཨ་མེ་རི་ཁའི་ཙུང་ཐུང་ཐི་ལིང་ཕུའུ་ཡིས་ཚེས་ཉེར་གསུམ་ཉིན་དྲ་ཚིགས་སྟེང་ནས་ཁྱབ་སྒྲོག་བྱས་དོན། ད་ལྟའི་ཨ་མེ་རི་ཁའི་རྒྱལ་སྲུང་བློན་ཆེན་གཞོན་པ་ཧྲ་ནཱ་ཧན་གྱིས་སང་ལོའི་ཟླ་དང་པོའི་ཚེས་གཅིག་ཉིན་རྒྱལ་སྲུང་བློན་ཆེན་ཚབ་མའི་འགན་ཁུར་རྒྱུ་ཡིན་ཟེར། 

ཧྲ་ནཱ་ཧན་ཉིས་སྟོང་བཅུ་བདུན་ལོའི་ཟླ་གསུམ་པར་ཐི་ལིང་ཕུའུ་ཡིས་ཨ་མེ་རི་ཁའི་རྒྱལ་སྲུང་བློན་ཆེན་གཞོན་པར་མིང་བཏོན་པ་དང་། ལོ་དེའི་ཟླ་བདུན་པར་ལས་འགན་ཁུར། དེའི་སྔོན་ཁོས་པའོ་ཡུན་ཀུང་ཟིར་ལོ་མང་བོའི་རིང་ལས་འགན་ཁུར་མྱོང་བ་རེད། 

ཐི་ལིང་ཕུའུ་ཡི་ཆོད་དོན་དེ་ལས་ད་ལྟའི་རྒྱལ་སྲུང་བློན་ཆེན་མཱ་ཏིས་སི་ཡིས་ལས་འགན་བསྐྱུར་བའི་དུས་ཚོད་སྔ་སྣུར་བྱས་པ་མཚོན་ཡོད་ཟེར། 

ཟླ་འདིའི་ཚེས་ཉི་ཤུའི་ཉིན་ཐི་ལིང་ཕུའུ་ཡིས་དྲ་ཚིགས་བརྒྱུད་དེ་མཱ་ཏིས་སི་ཡིས་སང་ལོའི་ཟླ་གཉིས་པའི་ཟླ་མཇུག་ལ་ལས་འགན་བསྐྱུར་རྒྱུ་ཁྱབ་སྒྲོག་བྱས་པ་དང་། མཱ་ཏིས་སི་ཡིས་ཉིན་དེར་ཐི་ལིང་ཕུའུ་ལ་བསྐུར་བའི་ལས་ཁུར་དགོངས་ཞུའི་འཕྲིན་ཡིག་ནང་བཤད་རྒྱུར། ཁོས་ལས་ཁུར་དགོངས་ཞུ་བྱེད་པའི་རྒྱུ་མཚན་ནི་ཐི་ལིང་ཕུའུ་ལ་ལྟ་བ་རང་ཉིད་དང་གཅིག་མཐུན་ཡིན་པའི་རྒྱལ་སྲུང་བློན་ཆེན་ཞིག་ཡོད་པའི་དབང་ཆ་ཡོད་པས་ཡིན་ལ། ཐི་ལིང་ཕུའུ་ཡིས་མནའ་མཐུན་གྲོགས་པོར་བརྩི་འཇོག་དང་། མནའ་མཐུན་གྲོགས་པོའི་བར་གྱི་འབྲེལ་བར་ཤུགས་སྣོན་བྱས་ཏེ་ཨ་མེ་རི་ཁ་རང་སྟེང་གི་ཁེ་ཕན་ལ་སྲུང་སྐྱོབ་བྱེད་དགོས་པའི་གྲོས་གཞི་བཏོན། 

བསྒྲགས་པ་ལྟར་ན། མཱ་ཏིས་སི་དང་ཐི་ལིང་ཕུའུ་བར་ཨ་མེ་རི་ཁས་སི་རི་ཡཱ་ནས་དམག་དཔུང་ཕྱིར་འཐེན་བྱེད་དགོས་མིན་སོགས་གནད་དོན་ཐད་དུ་འགལ་བ་ཡོད་པ་རེད། ཐི་ལིང་ཕུའུ་ཡིས་མཱ་ཏིས་སིའི་ལས་ཁུར་དགོངས་ཞུའི་འཕྲིན་ཡིག་གི་ནང་དོན་ལ་མ་དགའ་བའི་ཚུལ་བསྟན་ཏེ། མཱ་ཏིས་སིའི་ལས་འགན་བསྐྱུར་བའི་དུས་ཚོད་སྔ་སྣུར་བྱེད་རྒྱུ་ཐག་བཅད་པ་རེད་ཟེར། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།