ཀྲུང་གོ་བོད་ཀྱི་དྲ་བ།

ཕོ་བྲང་དཀར་པོའི་དཔོན་རིགས་ཀྱིས་ཐི་ལང་ཕུའུ་ཡིས་ཨ་ཧྥུའུ་ཧན་ནས་དམག་དཔུང་ཕྱིར་འཐེན་བྱེད་འགོ་རྩོམ་པའི་བཀའ་བསྩལ་མེད་ཟེར།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-12-31
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨུ་རུ་སིའི་གསར་འགྱུར་ལས་ཁུངས་ཀྱིས་ཟླ་བཅུ་གཉིས་པའི་ཚེས་ཉེར་དགུ་ཉིན་བསྒྲགས་པའི་གནས་ཚུལ་ལྟར་ན། ཕོ་བྲང་དཀར་པོའི་དཔོན་རིགས་ཀྱིས་ཨ་མེ་རི་ཁའི་ཙུང་ཐུང་ཐི་ལང་ཕུའུ་ཡིས་ཨ་ཧྥུའུ་ཧན་ནས་དམག་དཔུང་ཕྱིར་འཐེན་བྱེད་འགོ་རྩོམ་པའི་བཀའ་བསྩལ་མེད་ཅེས་བཤད་པ་དང་། གསར་འགྱུར་ལས་ཁུངས་ཀྱིས་ཐི་ལང་ཕུའུ་ཡིས་ཨ་ཧྥུའུ་ཧན་དུ་སྡོད་པའི་ཨ་མེ་རི་ཁའི་དམག་དཔུང་ཕྱིར་འཐེན་བྱེད་རྩིས་ཡོད་པ་དེ་ཁས་མ་བླངས་ཟེར།

ཨ་མེ་རི་ཁའི་རྒྱལ་ཁབ་བདེ་འཇགས་ཨུ་ཡོན་ལྷན་ཁང་གི་མགྲིན་ཚབ་པ་ཅ་ལེ་ཐི་མཱ་ཁོས་སི་ཡིས་གསར་འགྱུར་ལས་ཁུངས་ཤིག་ལ་བསྐུར་བའི་གློག་འཕྲིན་གསལ་བསྒྲགས་ནང་དུ་བཤད་རྒྱུར། ཐི་ལང་ཕུའུ་ཡིས་ད་དུང་ཨ་ཧྥུའུ་ཧན་ན་ཡོད་པའི་ཨ་མེ་རི་ཁའི་དམག་མི་ཇེ་ཉུང་དུ་གཏོང་རྒྱུའི་ཐག་བཅད་མེད་ལ། ཁོས་རྒྱལ་སྲུང་པུའུ་ལ་ཨ་ཧྥུའུ་ཧན་ནས་དམག་དཔུང་ཕྱིར་འཐེན་བྱེད་རྒྱུའི་མཛུབ་སྟོན་ཡང་གནང་མེད་ཟེར།

བསྒྲགས་པའི་གནས་ཚུལ་ལྟར་ན། དེའི་སྔོན་ལ་མི་ལ་ལས་ཐི་ལང་ཕུའུ་ཨ་མེ་རི་ཁ་ལོ་བཅུ་བདུན་གྱི་རིང་ལ་ཨ་ཧྥུའུ་ཧན་དམག་འཁྲུག་ཁྲོད་ཞུགས་པར་བཟོད་སེམས་མེད་པས། དམག་དཔུང་ཕྱིར་འཐེན་བྱེད་པ་ནི་དུས་ཚོད་ཀྱི་སྔ་གཞུག་ཙམ་རེད་ཅེས་ཚོད་དཔག་བྱས། གཟའ་འཁོར་སྔོན་མར། ཨ་མེ་རི་ཁའི་རྒྱང་སྒྲོག་ཀུང་ཟིས་བསྒྲགས་པའི་གནས་ཚུལ་ལྟར་ན། ཙུང་ཐུང་ཨ་ཧྥུའུ་ཧན་གྱི་གནས་བབ་ལ་ཡིད་ཇེ་ཆད་ནས་ཇེ་ཆད་རེད་ཟེར།

དེ་སྔོན་བསྒྲགས་པའི་གསར་འགྱུར་སྐོར་ཞིག་གི་ནང་དུ་ཡང་ཨ་མེ་རི་ཁའི་དམག་དཔུང་ཨ་ཧྥུའུ་ཧན་ནས་ཕྱིར་འཐེན་བྱེད་པའི་དུས་ཚོད་བསྒྲགས་ཡོད། ཨུ་རུ་སིའི་གསར་འགྱུར་ལས་ཁུངས་ཀྱིས་བསྒྲགས་པ་ལྟར་ན། ཨ་མེ་རི་ཁའི་རྒྱང་སྒྲོག་ཀུང་ཟིས་ཨ་རིའི་རྒྱལ་སྲུང་དཔོན་རིགས་གཞན་པ་གཉིས་ཀྱི་སྐད་ཆ་དྲངས་ནས། དམག་དཔུང་རྗེས་ཕྱོགས་ཀྱི་གཟའ་འཁོར་འགའི་རིང་ཕྱིར་འཐེན་བྱེད་སྲིད་མོད། ཡིན་ནའང་དུས་ཚོད་ད་དུང་ཐག་གཅོད་བྱས་མེད་པ་དང་། ཟུར་ལྔའི་ཐོག་ཁང་གིས་ལོ་སར་གྱི་རྗེས་སུ་ཅང་མ་འགོར་བར་དུས་ཚོད་གདམ་གསེས་བྱ་ངེས་ཞེས་བཤད་ཟེར།

ཨ་ཧྥུའུ་ཧན་དུ་ཡོད་པའི་ཨ་མེ་རི་ཁའི་དམག་དཔུང་གི་བཀོད་འདོམས་དཔོན་པོ་སི་ཁོ་ཐི་མུས་ལེ་ཟེར་བ་དེས་གཟའ་འཁོར་སྔོན་མའི་གཟའ་ཉི་མའི་ཉིན་བཤད་རྒྱུར། ཁོ་ལ་ཨ་ཧྥུའུ་ཧན་དུ་ཡོད་པའི་དམག་མི་ཇེ་ཉུང་དུ་གཏོང་བའི་སྐོར་གྱི་མཛུབ་སྟོན་ཅི་ཡང་འབྱོར་མ་བྱུང་ཟེར། མཐོ་རིམ་དམག་དཔོན་དཔོན་པོ་གཞན་པ་་སྟེ་ཇུས་འདོན་དཔོན་མཉམ་འབྲེལ་གྲོས་ཚོགས་ཀྱི་ཀྲུའུ་ཞི་ཏིན་ཧྥུའུ་ཏི་ཡིས་ཉེན་བརྡ་བཏང་ནས་བཤད་རྒྱུར། གལ་ཏེ་ཨ་མེ་རི་ཁའི་དམག་དཔུང་ཨ་ཧྥུའུ་ཧན་ནས་ཕྱིར་འཐེན་མ་བྱས་ན། དགུ་པའི་བཅུ་གཅིག་ཉིན་གྱི་འཇིགས་སྐུལ་འཇབ་རྒོལ་དང་འདྲ་བའི་འཇབ་རྒོལ་འབྱུང་སྲིད་ཟེར། ཏིན་ཧྥུའུ་ཏི་ཡིས་བཤད་རྒྱུར། ཨ་མེ་རི་ཁའི་དམག་དཔུང་ནི་ཐ་ལེ་པན་ལ་བཀག་འགོག་བྱེད་པ་དང་ནུབ་ཕྱོགས་ཀྱི་སྦྱོང་བརྡར་ཐོབ་པའི་ཨ་ཧྥུའུ་ཧན་རྒྱལ་ཁབ་ཀྱི་དམག་དཔུང་ལ་རྒྱབ་སྐྱོར་བྱེད་པར་ཧ་ཅང་གལ་ཆེ་ཟེར།

ཨུ་རུ་སིའི་གསར་འགྱུར་ལས་ཁུངས་ཀྱིས་བཤད་རྒྱུར། མང་ཚོགས་ཀྱི་འདོད་བློར་རྟོག་ཞིབ་བྱས་པ་ལྟར་ན། ཨ་མེ་རི་ཁའི་དམག་ཁོངས་ལས་བུད་པའི་དམག་མི་བརྒྱ་ཆའི་རེ་བཞི་ཡིས་ལོ་ལྔའི་ནང་དུ་ཨ་ཧྥུའུ་ཧན་ན་ཡོད་པའི་ཨ་མེ་རི་ཁའི་དམག་མི་ཁྲི་གཅིག་དང་སྟོང་བཞིའི་ནང་གི་ཁ་ཤས་དང་ཡང་ན་ཚང་མ་ཕྱིར་འཐེན་བྱེད་རྒྱུའི་རེ་བ་བཅངས་ཡོད་ལ། དམག་ཁོངས་ལས་བུད་པའི་དམག་མི་བརྒྱ་ཆའི་དོན་གསུམ་དང་ཨ་མེ་རི་ཁའི་མང་ཚོགས་བརྒྱ་ཆའི་རེ་བརྒྱད་ཀྱིས་དམག་འཁྲུག་དེ་ནི་ཨ་མེ་རི་ཁར་མཚོན་ན་ལེགས་འགྲུབ་བྱུང་ཡོད་པར་འདོད་ཡོད་ཟེར། །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།