ཀྲུང་གོ་བོད་ཀྱི་དྲ་བ།

ཨ་མེ་རི་ཁ་དང་དབྱི་སི་རལ་ཟླ་དང་པོའི་ཚེས་གཅིག་ཉིན་དངོས་སུ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ལས་ཕྱིར་བུད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-01-03
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཨ་མེ་རི་ཁ་དང་དབྱི་སི་རལ་ཟླ་དང་པོའི་ཚེས་གཅིག་ཉིན་དངོས་སུ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ལས་ཕྱིར་བུད། རྒྱལ་ཁབ་གཉིས་ཀྱིས་ལོ་གཅིག་ལྷག་གི་ཡར་སྔོན་སུ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཀྱིས་དབྱི་སི་རལ་ལ་རྒོལ་བའི་ཕྱོགས་རིས་ཀྱི་ལྟ་ཚུལ་བཟུང་བ་རྒྱུ་མཚན་དུ་བྱས་ཏེ། སྔ་གཞུག་ཏུ་རྩ་འཛུགས་དེ་ལས་ཕྱིར་འབུད་རྒྱུ་ཁྱབ་སྒྲོག་བྱས་པ་རེད། 

ཨ་མེ་རི་ཁ་དང་དབྱི་སི་རལ་དངོས་སུ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ལས་ཕྱིར་བུད་པ་ལས་རྩ་འཛུགས་དེའི་ནོར་སྲིད་ཐད་ཤུགས་རྐྱེན་ཆེན་པོ་ཐེབས་མི་སྲིད། ཉིས་སྟོང་བཅུ་གཅིག་ལོར་ཕཱ་ལེ་སི་ཐན་ཁོངས་གཏོགས་རྒྱལ་ཁབ་ཀྱི་ཐོབ་ཐང་གིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཆེད་དོན་ལས་ཁུངས་དེར་ཞུགས་པའི་ཚུན་ལ། ཨ་མེ་རི་ཁ་དང་དབྱི་སི་རལ་རྒྱལ་ཁབ་གཉིས་ཀྱིས་ཚོགས་པའི་གྲོན་དངུལ་མ་བྱིན་པ་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཀྱིས་གྲོན་དངུལ་ཇེ་ཉུང་དུ་སོང་བའི་གནས་ཚུལ་འོག་དཀའ་སྤྱད་ཀྱིས་བདག་གཉེར་བྱས་པ་རེད། 

ཨ་མེ་རི་ཁས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ལ་སྟེར་དགོས་པའི་གྲོན་དངུལ་དེས་སྤྱིའི་སྔོན་རྩིས་ཀྱི་བརྒྱ་ཆའི་ཉེར་གཉིས་ཟིན་པ་རེད། ཨ་མེ་རི་ཁ་ཕྱོགས་ཀྱི་དཔོན་རིགས་རེ་འགས་ཚོད་དཔག་བྱས་ན། ཨ་མེ་རི་ཁས་རིམ་བསགས་ཀྱིས་ཚོགས་པའི་གྲོན་དངུལ་མེ་སྒོར་དུང་ཕྱུར་དྲུག་ཆད་ཡོད་པ་དང་། དབྱི་སི་རལ་གྱིས་མེ་སྒོར་བྱེ་བ་གཅིག་ཙམ་ཆད་ཡོད་པ་རེད། 

ཨ་མེ་རི་ཁ་དང་དབྱི་སི་རལ་རྒྱལ་ཁབ་གཉིས་ཀྱི་སྲིད་གཞུང་དང་མི་རེ་འགའ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཀྱིས་ལོ་རེ་བཞིན་གྲོས་ཆོད་བཀོད་དེ་དབྱི་སི་རལ་གྱིས་ཡེ་ལུའུ་སཱ་ལེམ་ཤར་མ་བཙན་བཟུང་བྱས་པར་སྐྱོན་བརྗོད་བྱས་པ་དང་ཕཱ་ལེ་སི་ཐན་ལ་ཁོངས་གཏོགས་རྒྱལ་ཁབ་ཀྱི་ཐོབ་ཐང་བྱིན་པ་མ་དགའ་བ་རེད། མཉམ་བྲེལ་རྒྱལ་ཚོགས་སུ་རྒྱུན་དུ་སྡོད་པའི་དབྱི་སི་རལ་གྱི་འཐུས་མི་ཏན་ནེ་ཏཱ་ནོང་གིས་ཚེས་གཅིག་ཉིན་བཤད་རྒྱུ། གལ་ཏེ་རྩ་འཛུགས་གང་རུང་གི་དམིགས་འབེན་ནི་ང་ཚོར་ངོ་རྒོལ་བྱེད་རྒྱུ་དེ་ཡིན་པའམ་ཡང་ན་དབྱི་སི་རལ་གྱི་དགྲ་བོའི་ཡོ་བྱད་དུ་གྱུར་ཡོད་ན། དབྱི་སི་རལ་དེའི་ཁོངས་གཏོགས་རྒྱལ་ཁབ་ཡིན་མི་སྲིད་ཟེར། 

ཨ་མེ་རི་ཁའི་ཙུང་ཐུང་ཐི་ལིང་ཕུའུ་ཡིས་ཉིས་སྟོང་བཅུ་བདུན་ལོའི་ཟླ་བཅུ་བར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ལས་ཕྱིར་འབུད་རྒྱུ་ཁྱབ་སྒྲོག་བྱས་པ་ད་། རྒྱུ་མཚན་ནི་ཨ་མེ་རི་ཁས་ཆད་ལ་བཞག་པའི་གྲོན་དངུལ་ཇེ་མང་དུ་སོང་བ་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཀྱིས་དབྱི་སི་རལ་ལ་ཕྱོགས་རིས་བཟུང་བ། རྩ་བའི་རང་བཞིན་གྱི་བཅོས་བསྒྱུར་བྱ་དགོས་པ་སོགས་འདུས། དབྱི་སི་རལ་གྱི་ཙུང་ལི་ནེ་ཐཱ་ནི་ཡཱ་ཧུའུ་ཡིས་དེའི་རྗེས་སུ་ཨ་མེ་རི་ཁར་ལད་མོ་བྱས་པ་རེད། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།