ཀྲུང་གོ་བོད་ཀྱི་དྲ་བ།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཆེད་མངག་ཕོ་ཉ་ཡེ་མིན་དུ་སོང་ནས་འཁྲུག་རྩོད་མཚམས་འཇོག་པའི་གྲོས་མཐུན་དངོས་འབེབ་བྱེད་པར་གྲོས་མོལ་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-01-07
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཡེ་མིན་གནད་དོན་གྱི་ཆེད་མངག་ཕོ་ཉ་ཀི་ལི་ཧྥེ་སི་ཚེས་ལྔ་ཉིན་ཡེ་མིན་གྱི་རྒྱལ་ས་སཱ་ནཱ་རུ་འབྱོར་ནས། ཧུའུ་སེ་དྲག་ཆས་པ་དང་མཉམ་དུ་ཡེ་མིན་སྲིད་གཞུང་དང་ཧུའུ་སེ་དྲག་ཆས་པས་དེའི་སྔོན་བཀོད་པའི་འཁྲུག་རྩོད་མཚམས་འཇོག་པའི་གྲོས་མཐུན་དངོས་འབེབ་བྱེད་པར་གྲོས་བསྡུར་བྱེད་རྒྱུ་རེད། 

ཉིན་དེར་སྐྲན་ནད་བྱུང་བའི་ཡེ་མིན་གྱི་བྱིས་པ་མི་ཉུང་བ་སཱ་ནཱ་རྒྱལ་སྤྱིའི་གནམ་གྲུ་ཐང་དུ་འདུས་པ་དང་། ཁོ་ཚོས་འཕྲེད་བྱང་བཟུང་ནས་གནམ་གྲུ་ཐང་སྒོ་འབྱེད་བྱེད་དགོས་པའི་རེ་བ་བཏོན། ཀི་ལི་ཧྥེ་སི་གནམ་གྲུ་ཐང་དུ་འབྱོར་རྗེས་སྨྱན་བྱད་མི་སྣར་གླེང་མོལ་མ་བྱས་པ་དང་། ཁོས་བྱིས་པ་དེ་དག་ལ་གུས་སེམས་བསྟན་རྗེས་རླངས་འཁོར་ལ་བསྡད་དེ་གནམ་གྲུ་ཐང་དང་བྲལ་བ་རེད། 

ཧུའུ་སེ་དྲག་ཆས་པའི་སྨྱན་བྱད་ལས་དོན་གྱི་འགན་ཁུར་བའི་ཁོངས་མི་སཱ་ལི་ཡིས་ཉིན་དེར་གསར་འགོད་པར་བཤད་རྒྱུར། ཀི་ལི་ཧྥེ་སིའི་ཐེངས་འདིའི་འགྲུལ་བཞུད་ལས་ཧུའུ་སེ་དྲག་ཆས་པའི་མགོ་ཁྲིད་པ་མཱ་ལེ་ཁི་ཧུའུ་སེ་ལ་ཐུག་འཕྲད་བྱས་ཏེ། ཧི་ཐེ་ཏཱའི་མིག་སྔའི་གནས་བབ་དང་། ཡེ་མིན་སྲིད་གཞུང་དང་ཧུའུ་སེ་དྲག་ཆས་པས་ཟླ་སྔོན་མར་སུའེ་ཏེན་ནས་བཀོད་པའི་འཁྲུག་རྩོད་མཚམས་འཇོག་པ་དང་བཅས་པའི་གྲོས་མཐུན་དངོས་འབེབ་བྱེད་པར་གྲོས་བསྡུར་བྱེད་རྒྱུ་རེད་ཟེར། 

ཡེ་མིན་སྲིད་གཞུང་དང་ཧུའུ་སེ་དྲག་ཆས་པས་ཉེ་སྔོན་ཧི་ཐེ་ཏཱའི་འཁྲུག་རྩོད་མཚམས་འཇོག་པའི་གྲོས་མཐུན་ལ་གཏོར་བརླག་བྱས་པའི་ཐད་ནས་ཕན་ཚུན་ལ་སྐྱོན་འཛུགས་བྱས། ཚེས་ལྔ་ཉིན་གྱི་སྔ་དྲོར་ཡེ་མིན་སྲིད་གཞུང་དམག་དཔུང་དང་ཧུའུ་སེ་དྲག་ཆས་པས་ཧི་ཐེ་ཏཱ་གྲོང་ཁྱེར་གྱི་ལྷོ་ཕྱོགས་ས་ཁུལ་ནས་འཁྲུག་རྩོད་དྲག་པོ་བྱས། མིག་སྔར་ཤི་རྨས་གནས་ཚུལ་གསལ་བོར་མི་ཤེས། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།