ཀྲུང་གོ་བོད་ཀྱི་དྲ་བ།

ཐུར་ཁེ་ཡིས་ཨ་མེ་རི་ཁས་སི་རི་ཡཱའི་ཁུའུ་ཨར་ཏི་དྲག་ཆས་པར་འདོན་སྤྲོད་བྱས་པའི་མཚོན་ཆ་ཕྱིར་ལེན་དགོས་པའི་རེ་བ་བཏོན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-01-09
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཐུར་ཁེའི་ཙུང་ཐུང་བཞུགས་ཤག་གི་མགྲིན་ཚབ་པ་ཁཱ་ལིན་གྱིས་ཚེས་བརྒྱད་ཉིན་བསྟན་དོན། ཐུར་ཁེ་ཡིས་ཨ་མེ་རི་ཁས་སི་རི་ཡཱ་ནས་དམག་དཔུང་ཕྱིར་འཐེན་བྱེད་པའི་སྐབས་སུ། དེའི་སྔོན་མི་དམངས་སྲུང་སྐྱོབ་དམག་དཔུང་སོགས་སི་རི་ཡཱའི་ཁུའུ་ཨར་ཏི་དྲག་ཆས་པར་འདོན་སྤྲོད་བྱས་པའི་མཚོན་ཆ་ཕྱིར་ལེན་དགོས་པའི་རེ་བ་ཡོད་ཟེར། 

ཁཱ་ལིན་གྱིས་ཐུར་ཁེའི་དཔོན་རིགས་དང་ཨ་མེ་རི་ཁའི་སྲིད་གཞུང་གི་འཐུས་ཚབ་ཚོགས་པས་གྲོས་མོལ་བྱས་རྗེས་གོང་གི་སྐད་ཆ་དེ་བཤད་པ་རེད། ཉིན་དེར་ཐུར་ཁེའི་ཕྱི་འབྲེལ་དང་དམག་དོན་གྱི་དཔོན་རིགས་དང་ཨ་མེ་རི་ཁའི་ཙུང་ཐུང་གི་རྒྱལ་ཁབ་བདེ་འཇགས་ལས་དོན་གྱི་ལས་རོགས་པ་པའོ་ཨར་ཏོན་གྱིས་གྲོས་མོལ་བྱས་པ་དང་། གཙོ་བོ་ཨ་མེ་རི་ཁས་སི་རི་ཡཱ་ནས་དམག་དཔུང་ཕྱིར་འཐེན་བྱེད་པ་དང་ཁུའུ་ཨར་ཏིའི་གནད་དོན་ལ་གྲོས་བསྡུར་བྱས། 

ཁཱ་ལིན་གྱིས་བསྟན་དོན། ཨ་མེ་རི་ཁས་སི་རི་ཡཱ་ནས་དམག་དཔུང་ཕྱིར་འཐེན་བྱས་རྗེས། དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ལ་ཆམ་ཕབ་གཏོང་བའི་ཐད་བཀོལ་བའི་དམག་དོན་རྟེན་གཞི་བཅུ་དྲུག་པོ་ཐུར་ཁེ་དང་ཡང་ན་སི་རི་ཡཱའི་ས་གནས་སྲིད་གཞུང་ལ་བརྒྱུད་སྤྲོད་བྱེད་རྒྱུ་ཡིན་ཟེར། ཁོས་བཤད་རྒྱུར། ཐུར་ཁེ་ཕྱོགས་ཀྱིས་གྲོས་མོལ་བྱེད་སྐབས་ཨ་མེ་རི་ཁའི་ཕྱོགས་ལ་ཁུའུ་ཨར་ཏིའི་གནད་དོན་དང་འབྲེལ་བའི་རྒྱུ་ཆ་ཞིག་སྤྲད་པ་དང་། དེའི་ནང་དོན་ཐུར་ཁེ་ཡིས་ཁུའུ་ཨར་ཏི་མང་ཚོགས་ལ་འདོན་སྤྲོད་བྱས་པའི་རོགས་རམ་དང་ཁུའུ་ཨར་ཏི་དྲག་ཆས་པའི་ནག་ཉེས་བྱ་སྤྱོད་སོགས་ལ་འབྲེལ་ཡོད། །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།