ཀྲུང་གོ་བོད་ཀྱི་དྲ་བ།

ཧུའུ་སེ་དྲག་ཆས་པས་མི་བསྡད་མེད་པའི་གནམ་གྲུ་བཀོལ་ནས་སྲིད་གཞུང་དམག་དཔུང་ལ་འཇབ་རྒོལ་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-01-11
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཡེ་མིན་ཧུའུ་སེ་དྲག་ཆས་པས་ཚེས་བཅུའི་ཉིན་ཡེ་མིན་ལྷོ་ཕྱོགས་ཀྱི་ལཱ་ཧི་ཅི་ཞིང་ཆེན་ནས་མི་བསྡད་མེད་པའི་གནམ་གྲུ་བཀོལ་ནས་སྲིད་གཞུང་དམག་དཔུང་ལ་འཇབ་རྒོལ་བྱས་ཏེ་མི་སྣར་ཤི་རྨས་བཟོས། 

ཧུའུ་སེ་དྲག་ཆས་པས་ཉིན་དེར་ཡེ་མིན་སཱ་པཱ་འཕྲིན་གཏོང་ཁང་བརྒྱུད་དེ་གསལ་སྒྲོག་སྤེལ། དྲག་ཆས་མི་སྣས་ཚེས་བཅུ་ཉིན་གྱི་སྔ་དྲོར་མི་བསྡད་མེད་པའི་གནམ་གྲུ་བཀོལ་ནས་སྲིད་གཞུང་དམག་དཔུང་གི་ལཱ་ཧི་ཅི་ཞིང་ཆེན་གྱི་ཨ་ནཱ་ཏི་མཁའ་དམག་རྟེན་གཞིར་འཇབ་རྒོལ་བྱས་པ་དང་། སྲིད་གཞུང་དམག་དཔུང་གིས་སྐབས་དེར་རྟེན་གཞིའི་ནང་དམག་གཟིགས་མཛད་སྒོ་སྤེལ་བཞིན་ཡོད། 

ཧུའུ་སེ་དྲག་ཆས་པའི་ཆེས་མཐོའི་གསར་བརྗེ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཨ་ལི་ཧུའུ་སེ་ཡིས་གསལ་སྒྲོག་སྤེལ་ཏེ། ཐེངས་འདིའི་འཇབ་རྒོལ་གྱི་དམིགས་ཡུལ་ནི་ཡེ་མིན་སྲིད་གཞུང་དམག་དཔུང་གི་སྤྱིའི་ཇུས་འདོན་པ་ནཱ་ཞེ་དང་དེའི་ལག་རོགས་པ་ཅིན་ཏཱ་ནེ། དེ་མིན་སྲིད་གཞུང་དམག་དཔུང་གི་མཐོ་རིམ་དམག་དཔོན་སྐོར་ཞིག་ལ་དམིགས་པ་ཡིན་ཟེར། 
མིང་བཤད་མི་འདོད་པའི་ཡེ་མིན་བདེ་འཇགས་སྡེ་ཁག་གི་དཔོན་རིགས་ཤིག་གིས་ཉིན་དེར་གསར་འགོད་པར་ཐེངས་འདིའི་འཇབ་རྒོལ་བདེན་དཔང་བྱས། ཁོས་བཤད་རྒྱུར། འཇབ་རྒོལ་དོན་རྐྱེན་ལས་ཡེ་མིན་སྲིད་གཞུང་དམག་དཔུང་གི་མཐོ་རིམ་དམག་དཔོན་འགའ་དང་ས་གནས་དཔོན་པོ་རེ་འགར་རྨས་ཕོག དེའི་ནང་ནཱ་ཞེ་དང་ཡེ་མིན་དམག་དོན་གསང་འཕྲིན་སྡེ་ཁག་གི་འགན་ཁུར་བ། ལཱ་ཧི་ཅི་ཞིང་ཆེན་གྱི་དཔོན་རིགས་བཅས་འདུས། 

ཡེ་མིན་འཕྲོད་བསྟེན་སྡེ་ཁག་གི་དཔོན་རིགས་ཀྱིས་གསར་འགོད་པར་བཤད་རྒྱུར། ཐེངས་འདིའི་འཇབ་རྒོལ་དོན་རྐྱེན་ལས་མི་ཉི་ཤུར་རྨས་ཕོག་ཡོད་ཟེར།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།