ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་ཁབ་མང་བོའི་མཉམ་འབྲེལ་དམག་དཔུང་གིས་ཡེ་མིན་ཧུའུ་སེ་དྲག་ཆས་པའི་མི་བསྡད་མེད་པའི་གནམ་གྲུའི་བཀོད་འདོམ་ལྟེ་གནས་གཏོར།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-01-13
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  སོ་ཏི་ཨ་རབ་རྒྱལ་ཁབ་བརྙན་འཕྲིན་ཁང་གིས་ཚེས་བཅུ་གཅིག་ཉིན་བསྒྲགས་པ་ལྟར་ན། སོ་ཏི་ཨ་རབ་ཀྱིས་འགོ་ཁྲིད་པའི་རྒྱལ་ཁབ་མང་བོའི་མཉམ་འབྲེལ་དམག་དཔུང་གིས་ཉིན་དེར་ཡེ་མིན་ཧུའུ་སེ་དྲག་ཆས་པའི་མི་བསྡད་མེད་པའི་གནམ་གྲུའི་བཀོད་འདོམ་ལྟེ་གནས་ཤིག་གཏོར་ཟེར། 

བསྒྲགས་པ་ལྟར་ན། ལྟེ་གནས་དེ་ནི་སྔོན་ཆད་ཀྱི་ཡེ་མིན་གྱི་འཕྲིན་གཏོང་ཀུང་ཟི་ཞིག་ཡིན་པ་དང་། རྗེས་སུ་ཧུའུ་སེ་དྲག་ཆས་པས་བཙན་བཟུང་བྱས་ཏེ་དམག་དོན་བཀོད་འདོམ་ལྟེ་གནས་སུ་བསྒྱུར་བ་རེད། བསྒྲགས་པའི་གནས་ཚུལ་ལས་བཀོད་འདོམ་ལྟེ་གནས་དེའི་བྱེ་བྲག་གི་གནས་ཡུལ་དང་འགུལ་སྐྱོད་དེའི་ནང་དོན་ཞིབ་མོར་བསྒྲགས་མེད། 

བསྒྲགས་པ་ལྟར་ན། ཐེངས་འདིའི་ཆམ་ཕབ་གཏོང་བའི་འགུལ་སྐྱོད་དེ་རྒྱལ་སྤྱིའི་མི་ཆོས་རིང་ལུགས་ཀྱི་བཅའ་ཁྲིམས་དང་འཚམ་པ་ཡིན་ཟེར། 

ཚེས་བཅུ་ཉིན། ཧུའུ་སེ་དྲག་ཆས་པས་ཡེ་མིན་ལྷོ་ཕྱོགས་ཀྱི་ལཱ་ཧི་ཅི་ཞིང་ཆེན་དུ་མི་བསྡད་མེད་པའི་གནམ་གྲུ་བཀོལ་ནས་སྲིད་གཞུང་དམག་དཔུང་ལ་འཇབ་རྒོལ་བྱས་ཏེ། སྲིད་གཞུང་དམག་དཔུང་གི་མི་སྣ་མང་བོར་ཤི་རྨས་ཐེབས། ཡེ་མིན་སྲིད་གཞུང་གིས་ཀྱང་ཉིན་དེར་གསལ་སྒྲོག་སྤེལ་ཏེ་ཐེངས་འདིའི་འཇབ་རྒོལ་བྱ་སྤྱོད་ལ་རྒོལ་གཏམ་དྲག་པོ་བཏང་། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།