ཀྲུང་གོ་བོད་ཀྱི་དྲ་བ།

སོ་མཱ་ལིའི་སྲིད་གཞུང་དམག་དཔུང་དང་ཨ་མེ་རི་ཁའི་དམག་དཔུང་གིས་ཐལ་སྤྱོད་ཉེས་ཅན་དོན་གསུམ་བསད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-01-20
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  སོ་མཱ་ལིའི་རྒྱལ་ཁབ་འཕྲིན་གཏོང་ཁང་གིས་ཚེས་བཅུ་དགུའི་ཉིན་བསྒྲགས་པ་ལྟར་ན། སོ་མཱ་ལིའི་སྲིད་གཞུང་དམག་དཔུང་དང་སོ་མཱ་ལི་རུ་སྡོད་པའི་ཨ་མེ་རི་ཁའི་དམག་དཔུང་གིས་ཉིན་དེར་སོ་མཱ་ལིའི་ལྷོ་ཕྱོགས་ས་ཁུལ་ནས་ན་གཞོན་ཏང་ཞེས་པའི་ཐལ་སྤྱོད་རྩ་འཛུགས་ལ་ཆམ་ཕམ་གཏོང་བའི་མཉམ་འབྲེལ་འགུལ་སྐྱོད་སྤེལ་ཏེ། རྩ་འཛུགས་དེའི་དྲག་ཆས་མི་སྣ་དོན་གསུམ་བསད་ཟེར། 

བསྒྲགས་པ་ལྟར་ན། ན་གཞོན་ཏང་གིས་ཉིན་དེའི་ཞོགས་པར་ལྷོ་ཕྱོགས་ཀྱི་གྲུ་ཁའི་གྲོང་ཁྱེར་ཅི་སི་མཱ་ཡུག་གི་དམག་དོན་སྒར་ས་ཞིག་ལ་འཇབ་རྒོལ་བྱས་ཏེ། སྲིད་གཞུང་དམག་དཔུང་གིས་དྲག་ཆས་ཉེས་ཅན་མཐར་སྐྲོད་བཏང་། དེའི་རྗེས་སུ། སོ་མཱ་ལི་རུ་སྡོད་པའི་ཨ་མེ་རི་ཁའི་དམག་དཔུང་དང་སོ་མཱ་ལིའི་སྲིད་གཞུང་དམག་དཔུང་གིས་མཉམ་འབྲེལ་འགུལ་སྐྱོད་སྤེལ་ཏེ། ན་གཞོན་ཏང་གི་དྲག་ཆས་ཉེས་ཅན་དོན་གསུམ་བསད་པར་མ་ཟད། རྩ་འཛུགས་དེའི་རླངས་འཁོར་མང་བོ་གཏོར། 

འབྲེལ་ཡོད་མི་སྣས་བཤད་རྒྱུར། ཐེངས་འདིའི་དམག་དོན་སྒར་སར་དམིགས་པའི་འཇབ་རྒོལ་དོན་རྐྱེན་ཁྲོད། ཕྱོགས་གཉིས་ལ་ཤི་རྨས་ཚབས་ཆེན་བཟོས། ན་གཞོན་ཏང་གིས་སྤེལ་བའི་གསལ་སྒྲོག་ལྟར་ན། དྲག་ཆས་ཉེས་ཅན་གྱིས་དམག་དོན་རྟེན་གཞི་དེ་བཙན་བཟུང་བྱས་པར་མ་ཟད། དམག་མི་ཞེ་གཅིག་བསད་ཟེར། 

ཚེས་བཅོ་བརྒྱད་ཉིན། ན་གཞོན་ཏང་ཞེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱིས་སོ་མཱ་ལིའི་པཱ་དབྱེ་ས་ཁུལ་དུ་ཨ་ཧྥེ་རི་ཁ་གླིང་མནའ་འབྲེལ་གྱི་སོ་མཱ་ལི་རུ་སྡོད་པའི་ཆེད་མངག་ཚོགས་པའི་ཨེ་ཙེ་ཨོ་ཕི་ཡཱའི་ཞི་བདེ་སྲུང་སྐྱོབ་དམག་དཔུང་གི་རླངས་འཁོར་རུ་ཁག་ལ་འཇབ་རྒོལ་བྱས་ཏེ། ཨེ་ཙེ་ཨོ་ཕི་ཡཱའི་དམག་མི་ང་བདུན་བསད། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།