ཀྲུང་གོ་བོད་ཀྱི་དྲ་བ།

མཱ་ལིའི་བྱང་ཤར་ཕྱོགས་ནས་ཞི་བདེ་སྲུང་སྐྱོབ་དམག་དཔུང་ལ་འཇབ་རྒོལ་ཐེབས་ཏེ་ཞི་བདེ་སྲུང་སྐྱོབ་དམག་མི་བརྒྱད་རྐྱེན་ལམ་དུ་ཤོར།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-01-21
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  མཉམ་འབྲེལ་རྒྱལ་ཚོགས་ཀྱི་མཱ་ལིའི་ཕྱོགས་བསྡུས་གཏན་འཇགས་ཆེད་མངག་ཚོགས་པས་ཚེས་ཉི་ཤུའི་ཉིན་སྤྱི་སྒྲོག་སྤེལ་ཏེ། ཞི་བདེ་སྲུང་སྐྱོབ་དམག་མི་བརྒྱད་ལ་ཉིན་དེར་མཱ་ལིའི་བྱང་ཤར་ཕྱོགས་ཀྱི་ཨ་ཀའེ་ལོ་ཁི་གྲོང་རྡལ་ཉེ་འདབས་སུ་ཐོབ་ཐང་གསལ་བོར་མི་ཤེས་པའི་དྲག་ཆས་ཉེས་ཅན་གྱི་འཇབ་རྒོལ་ཐེབས་ཏེ་རྐྱེན་ལམ་དུ་ཤོར་ཟེར། 

སྤྱི་སྒྲོག་ལས་བཤད་རྒྱུར། དྲག་ཆས་ཉེས་ཅན་དག་རླངས་འཁོར་ལ་བསྡད་དེ་ཞི་བདེ་སྲུང་སྐྱོབ་མི་སྣའི་ཉེ་སར་ཡོང་ནས་འཇབ་རྒོལ་བྱས་པ་དང་། ཞི་བདེ་སྲུང་སྐྱོབ་དམག་མིས་དྲག་ཆས་ཉེས་ཅན་དེ་དག་མཐར་སྐྲོད་བཏང་ཡང་། ཞི་བདེ་སྲུང་སྐྱོབ་དམག་མི་བརྒྱ་རྐྱེན་ལམ་དུ་ཤོར་བ་དང་། མི་མང་བོར་རྨས་ཕོག་ཡོད་ཟེར། 

མཱ་ལིའི་ཕྱོགས་བསྡུས་གཏན་འཇགས་ཆེད་མངག་ཚོགས་པས་སྤྱི་སྒྲོག་ལས་ནན་གྱིས་བསྟན་དོན། ཞི་བདེ་སྲུང་སྐྱོབ་དམག་མིས་དྲག་ཆས་ཉེས་ཅན་སྐོར་ཞིག་ཚར་གཅོད་བྱས་པ་དང་། དེའི་འཕྲོའི་དྲག་ཆས་ཉེས་ཅན་གྱི་རྗེས་འདེད་བྱེད་བཞིན་ཡོད་ཟེར། 

ཚོགས་གཙོ་ཨན་ནཱ་ཏིས་ཀྱིས་སྤྱི་སྒྲོག་ལས་གོང་གི་འཇབ་རྒོལ་བྱ་སྤྱོད་དེར་རྒོལ་གཏམ་བཏང་བ་དང་། རྒྱལ་སྤྱིའི་བཅའ་ཁྲིམས་ལྟར་ན། ཞི་བདེ་སྲུང་སྐྱོབ་དམག་དཔུང་ལ་དམིགས་པའི་འཇབ་རྒོལ་དོན་རྐྱེན་གང་ཡིན་ཡང་འཐབ་འཁྲུག་ནག་ཉེས་གྲུབ་ཡོད་པ་ནན་བཤད་བྱས། 

ཨན་ནཱ་ཏིས་ཀྱིས་རྐྱེན་ལམ་དུ་ཤོར་བའི་ཞི་བདེ་སྲུང་སྐྱོབ་དམག་མི་བརྒྱད་པོ་རྒྱལ་ཁབ་གང་གི་ཡིན་པ་གསལ་བོར་བསྒྲགས་མེད། རྒྱུས་ལོན་བྱུང་བ་ལྟར་ན། འཇབ་རྒོལ་ཐེབས་པའི་ཞི་བདེ་སྲུང་སྐྱོབ་དམག་དཔུང་དེ་ཀྲ་ཏི་ནས་ཡོང་བ་རེད། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།