ཀྲུང་གོ་བོད་ཀྱི་དྲ་བ།

ཕཱ་ལེ་སི་ཐན་གྱིས་དབྱི་སི་རལ་གྱིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཡེ་ལུའུ་སཱ་ལེམ་ཤར་མ་རུ་ཡོད་པའི་སློབ་གྲྭའི་སྒོ་བརྒྱག་རྒྱུ་ཐག་བཅད་པར་རྒོལ་གཏམ་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-01-21
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཕཱ་ལེ་སི་ཐན་གྱིས་ཚེས་ཉི་ཤུའི་ཉིན་དབྱི་སི་རལ་གྱིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཕཱ་ལེ་སི་ཐན་ཡུལ་གྱར་བའི་རྒུད་སྐྱོབ་དང་བཟོ་སྐྲུན་ཁྲུའུ་ཡི་ཡེ་ལུའུ་སཱ་ལེམ་ཤར་མ་རུ་ཡོད་པའི་སློབ་གྲྭའི་སྒོ་བརྒྱག་རྒྱུ་ཐག་བཅད་པར་རྒོལ་གཏམ་བཏང་བ་དང་། དཀྲུག་འཕེན་བྱ་འགུལ་དེས་རྒྱལ་སྤྱིའི་བཅའ་ཁྲིམས་ལས་ཕཱ་ལེ་སི་ཐན་གྱི་ཡུལ་གྱར་བར་བསྩལ་བའི་ཁེ་དབང་ལ་གནོད་པ་བཟོས་ཡོད་པར་འདོད། 

ཕཱ་ལེ་སི་ཐན་བཅིངས་འགྲོལ་རྩ་འཛུགས་ལག་བསྟར་ཨུ་ཡོན་ལྷན་ཁང་གི་ཁོངས་མི་ཨ་ཧྲི་ལཱ་ཝེ་ཡིས་ཉིན་དེར་ཨུ་ཡོན་ལྷན་ཁང་དེའི་ཚབ་བྱས་ཏེ་གསལ་སྒྲོག་སྤེལ། དབྱི་སི་རལ་གྱི་ཆོད་དོན་དེ་ནི་རྒྱལ་སྤྱིའི་སྤྱི་ཚོགས་དང་རྒྱལ་སྤྱིའི་བཅའ་ཁྲིམས། རྒྱལ་སྤྱིའི་གྲོས་ཆོད། རྒྱལ་སྤྱིའི་ལས་ཁུངས་བཅས་ཀྱི་མཐོང་ཆུང་གི་བྱ་སྤྱོད་ཅིག་རེད་ཟེར། 

ཨ་ཧྲི་ལཱ་ཝེ་ཡིས་བཤད་རྒྱུར། རྒུད་སྐྱོབ་བཟོ་སྐྲུན་ཁྲུའུ་ཡིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དབང་ཆ་ཐོབ་སྟེ་གནས་དེར་སློབ་གྲྭ་སོགས་ལས་ཁུངས་བཙུགས་པ་ཡིན་པས། དབྱི་སི་རལ་གྱིས་རང་གི་འདོད་བློ་དེ་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་མགོར་བཙན་འཇོག་བྱེད་པའི་དབང་ཆ་མེད་པ་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྒུད་སྐྱོབ་བཟོ་སྐྲུན་ཁྲུའུ་ཡིས་གཏན་འཁེལ་བྱས་པའི་དབང་ཚད་དང་འགན་འཁྲི་ལ་བཅོས་བསྒྱུར་བྱེད་པའི་དབང་ཆ་མེད་ཟེར། ཁོ་མོས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་མྱུར་མོར་དོན་དེར་ཐེ་གཏོགས་བྱས་ཤིང་། དབྱི་སི་རལ་གྱིས་ཆོད་དོན་དེ་ལག་བསྟར་བྱེད་པར་བཀག་འགོག་བྱས་ནས་འཛམ་གླིང་ཡོངས་ཀྱི་བཅའ་ཁྲིམས་དང་ཆབ་སྲིད་ལམ་ལུགས་ལ་སྲུང་སྐྱོབ་བྱེད་དགོས་པའི་འབོད་སྐུལ་བཏང་། 

ཕཱ་ལེ་སི་ཐན་སློབ་གསོ་དང་མཐོ་རིམ་སློབ་གསོ་པུའུ་ཡིས་གསལ་སྒྲོག་སྤེལ་ཏེ། དབྱི་སི་རལ་གྱི་ཆོད་དོན་དེས་དབྱི་སི་རལ་གྱི་སློབ་གསོ་དེ་ཡེ་ལུའུ་སཱ་ལེམ་ཤར་མའི་སློབ་གསོའི་ལས་ཁུངས་ཀྱི་མགོར་བཙན་འཇོག་བྱེད་རྩིས་ཡིན་པ་དང་། དེ་རིགས་རྒྱུད་དག་གཙང་བྱེད་པའི་སྲིད་ཇུས་ཀྱི་ཁག་ཅིག་ཡིན་པ་རེད་ཟེར། སྡེ་ཁག་དེས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་བྲེལ་མྱུར་འགུལ་སྐྱོད་སྤེལ་ཏེ་ཆོད་དོན་དེ་ལག་བསྟར་བྱེད་པར་བཀག་འགོག་བྱེད་དགོས་པའི་འབོད་སྐུལ་བཏང་། 

རྒུད་སྐྱོབ་བཟོ་སྐྲུན་ཁྲུའུ་ཡི་མགྲིན་ཚབ་པ་མུའུ་ཧྲ་མུས་ཀྱིས་ཉིན་དེར་བསྟན་དོན། རྒུད་སྐྱོབ་བཟོ་སྐྲུན་ཁྲུའུ་ཡི་ཡེ་ལུའུ་སཱ་ལེམ་ཤར་མའི་ལས་ཁུངས་ནི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འབྲེལ་ཡོད་གྲོས་ཆོད་ལྟར་དུ་བཙུགས་པ་ལས་དབྱི་སི་རལ་གྱི་བཀའ་དྲིན་མིན་ཟེར། 

ཕཱ་ལེ་སི་ཐན་གྱི་ཕྱི་འབྲེལ་པུའུ་དང་། ཕཱ་ལེ་སི་ཐན་མི་རིགས་བཅིངས་འགྲོལ་ལས་འགུལ་ཧྥ་ཐཱ་ཧི། ཕཱ་ལེ་སི་ཐན་མི་དམངས་འཐབ་རྩོད་འཐབ་ཕྱོགས་སོགས་ཀྱིས་ཀྱང་སོ་སོར་གསལ་སྒྲོག་སྤེལ་ཏེ་དབྱི་སི་རལ་ཕྱོགས་ཀྱི་བྱ་སྤྱོད་ལ་རྒོལ་གཏམ་བཏང་། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།