ཀྲུང་གོ་བོད་ཀྱི་དྲ་བ།

ཀྲ་ཏི་དང་དབྱི་སི་རལ་གྱིས་ཕྱི་འབྲེལ་སླར་གསོ་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-01-21
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  དབྱི་སི་རལ་གྱི་ཙུང་ལི་ནེ་ཐཱ་ནི་ཡཱ་ཧུའུ་ཡིས་ཚེས་ཉི་ཤུའི་ཉིན་ཀྲ་ཏི་རུ་འཚམས་འདྲི་བྱས། ཀྲ་ཏིའི་ཙུང་ཐུང་ཏའེ་པུས་དང་མཉམ་དུ་ཨིན་ཅཱ་མེ་ནཱ་ནས་གྲོས་མོལ་བྱས། རྒྱལ་ཁབ་གཉིས་ཀྱིས་ཕྱི་འབྲེལ་སླར་གསོ་བྱེད་པའི་གྲོས་མཐུན་བཀོད། 

གྲོས་མོལ་བྱས་རྗེས་སྤེལ་བའི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་ཏའེ་པུས་ཀྱིས་བཤད་རྒྱུར། ཀྲ་ཏི་ཡིས་དབྱི་སི་རལ་བར་འཐབ་ཇུས་དོན་སྙིང་ལྡན་པའི་གཉིས་ཕན་མཉམ་ལས་འབྲེལ་བ་འཛུགས་འདོད་ཡོད་ཟེར། ཕྱོགས་གཉིས་ཀྱིས་གྲོས་མོལ་བྱེད་སྐབས་སཱ་ཧི་ལེ་ས་ཁུལ་གྱི་བདེ་འཇགས་གནས་བབ་ཐད་ནས་བསམ་འཆར་བརྗེ་རེས་བྱས་པ་དང་། རོགས་ལས་བྱས་ཏེ་འཇིགས་སྐུལ་རིང་ལུགས་ཐག་གཅོད་བྱེད་དགོས་པར་འདོད། 

ནེ་ཐཱ་ནི་ཡཱ་ཧུའུ་ཡིས་བཤད་རྒྱུར། སཱ་ཧི་ལེ་ས་ཁུལ་གྱི་ཞི་བདེ་དང་གཏན་འཇགས་དེ་ཨ་ཧྥེ་རི་ཁ་གླིང་དང་འཛམ་གླིང་གང་ལ་མཚོན་ནའང་གལ་འགངས་ཧ་ཅང་ཆེ་ཟེར། རྒྱལ་ཁབ་གཉིས་ཀྱིས་འཇིགས་སྐུལ་རིང་ལུགས་ལ་མཉམ་དུ་ཆམ་ཕབ་གཏོང་རྒྱུ་ཡིན་པ་དང་། བདེ་འཇགས་དང་ཞིང་ལས། ཟས་རིགས། ཆུའི་ཐོན་ཁུངས་སོགས་ཐད་ནས་མཉམ་ལས་བྱེད་རྒྱུ་ཡིན་ཟེར། 

ཀྲ་ཏིའི་ཙུང་ཐུང་བཞུགས་ཤག་གིས་རྒྱལ་ཁབ་གཉིས་ཀྱིས་བཀོད་པའི་འབྲེལ་བ་སླར་གསོའི་གྲོས་མཐུན་གྱི་ནང་དོན་ཁྱབ་སྒྲོག་བྱས། གྲོས་མཐུན་ལྟར་ན། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་སླར་གསོ་བྱས་པ་དེས་རང་རང་གི་ཕཱ་ལེ་སི་ཐན་གནད་དོན་ཐད་ཀྱི་ལངས་ཕྱོགས་ལ་ཤུགས་རྐྱེན་ཐེབས་མི་སྲིད། 

དབྱི་སི་རལ་གྱི་ཙུང་ལིའི་གཞུང་སྒྲུབ་ཁང་གིས་ཚེས་ཉི་ཤུའི་ཉིན་གསལ་སྒྲོག་སྤེལ་ཏེ། དབྱི་སི་རལ་དང་ཀྲ་ཏི་ཡིས་བལྟས་ན། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་སླར་གསོ་བྱེད་པ་ནི་མ་འོངས་མཉམ་ལས་ཀྱི་གནད་འགག་ཡིན་པ་དང་། ཕྱོགས་གཉིས་ཀྱི་ཁེ་ཕན་ལ་འབྲེལ་བ་ཡོད་པར་འདོད། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།