ཀྲུང་གོ་བོད་ཀྱི་དྲ་བ།

ཨུ་རུ་སི་དང་ཐུར་ཁེའི་ཙུང་ཐུང་གིས་སི་རི་ཡཱའི་གནས་བབ་སོགས་གནད་དོན་ཐད་ནས་གྲོས་མོལ་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-01-24
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་དང་འཚམས་འདྲིར་ཡོང་བའི་ཐུར་ཁེའི་ཙུང་ཐུང་ཨེ་ཨར་ཏའོ་ཨན་གྱིས་ཚེས་ཉེར་གསུམ་ཉིན་མའོ་སི་ཁི་ནས་གྲོས་མོལ་བྱས། ཕྱོགས་གཉིས་ཀྱིས་སི་རི་ཡཱའི་གནས་བབ་དང་ཐུར་ཁེ་དང་སི་རི་ཡཱའི་མཐའ་མཚམས་ཀྱི་སི་རི་ཡཱའི་ཕྱོགས་ནས་བདེ་འཇགས་ས་ཁུལ་འཛུགས་པ་སོགས་གནད་དོན་ལ་གྲོས་བསྡུར་བྱས། 

ཕུའུ་ཅིན་གྱིས་གྲོས་མོལ་བྱས་རྗེས་སྤེལ་བའི་མཉམ་འབྲེལ་གྱི་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་བཤད་རྒྱུར། ཨ་མེ་རི་ཁས་སི་རི་ཡཱ་ནས་དམག་དཔུང་ཕྱིར་འཐེན་བྱེད་པ་དེ་སི་རི་ཡཱའི་གནས་བབ་གཏན་འཇགས་ཡོང་བར་ཕན་ཐོགས་ཡོད་ཟེར། ཁོས་ད་རུང་ནན་གྱིས་བསྟན་དོན། ངེས་པར་དུ་མུ་མཐུད་དུ་འཇིགས་སྐུལ་ཉེས་ཅན་ལ་ཆམ་ཕབ་གཏོང་རྒྱུ་ཡིན་ཟེར། རྒྱང་རིང་ལ་དམིགས་ན་གནད་དོན་ཚང་མ་ཆབ་སྲིད་དང་ཕྱི་འབྲེལ་གྱི་ཐབས་ལ་བརྟེན་ནས་ཐག་གཅོད་བྱེད་དགོས་པ་དང་། སི་རི་ཡཱའི་འཁྲུག་རྩོད་ཕྱོགས་ཁག་སོ་སོས་ངེས་པར་དུ་ཐུན་མོང་གི་ལྟ་ཚུལ་འགོད་དགོས་ཟེར། 

ཨེ་ཨར་ཏའོ་ཨན་གྱིས་བསྟན་དོན། ཐུར་ཁེ་ཕྱོགས་ཀྱིས་ཨུ་རུ་སིའི་ཕྱོགས་དང་མཉམ་དུ་སི་རི་ཡཱའི་གནད་དོན་ཐད་ནས་མཐུན་སྦྱོར་ལ་ཤུགས་སྣོན་བྱེད་འདོད་ཡོད་ཟེར། ཁོས་གང་མགྱོགས་སྒོས་སི་རི་ཡཱའི་རྩ་ཁྲིམས་ཨུ་ཡོན་ལྷན་ཁང་བཙུགས་ཏེ། སི་རི་ཡཱ་ནས་ཨ་མེ་རི་ཁའི་དམག་དཔུང་ཕྱིར་འཐེན་བྱས་རྗེས་དབང་ཤུགས་ཉམས་པའི་སྣང་ཚུལ་འབྱུང་བར་སྔོན་འགོག་བྱེད་དགོས་པའི་འབོད་སྐུལ་བཏང་། ཁོས་ད་རུང་བསྟན་དོན། དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་དང་ཁུའུ་ཨར་ཏི་བཟོ་བའི་ཏང་ཚར་གཅོད་བྱེད་པ་ནི་ཐུར་ཁེའི་ཕྱོགས་ཀྱི་སི་རི་ཡཱའི་དམིགས་འབེན་གཙོ་བོ་ཡིན་ཟེར། 

རྒྱལ་ཁབ་གཉིས་ཀྱི་མགོ་ཁྲིད་པས་ཉེ་སྔོན་ཨུ་རུ་སི་ནས་ཨུ་རུ་སི་དང་ཐུར་ཁེ། དབྱི་ལིང་བཅས་ཀྱི་མཐོ་རིམ་གྲོས་ཚོགས་སྤེལ་ནས་ཨ་སི་ཐཱ་ནཱའི་འཕེལ་རིམ་ལ་ཡར་སྐུལ་གཏོང་རྒྱུ་ཐག་བཅད་ཡོད། དེ་ལས་གཞན་ཕུའུ་ཅིན་དང་ཨེ་ཨར་ཏའོ་ཨན་གྱིས་ད་རུང་ཨ་མེ་རི་ཁས་སི་རི་ཡཱའི་དམག་དཔུང་ཕྱིར་འཐེན་བྱེད་པའི་གནད་དོན་ལ་གྲོས་བསྡུར་བྱས་པ་དང་། སྔར་ལས་བྱེད་ཐབས་མང་བོ་སྤྱད་དེ་སི་རི་ཡཱའི་དབྱེ་ཏི་ལེ་པུའུ་ས་ཁུལ་གྱི་གནས་བབ་གཏན་འཇགས་ཡོང་བར་བྱེད་པར་ཡིད་འཐད་བྱུང་། 

ཨུ་རུ་སི་དང་ཐུར་ཁེའི་ཙུང་ཐུང་གིས་ད་རུང་ས་ཁུལ་གྱི་བདེ་འཇགས་དང་གནས་སྐོར། དཔལ་འབྱོར་ཉོ་ཚོང་མཉམ་ལས་སོགས་གནད་དོན་ལ་གྲོས་བསྡུར་བྱས།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།