ཀྲུང་གོ་བོད་ཀྱི་དྲ་བ།

ཨུ་རུ་སིའི་ཕྱི་འབྲེལ་བློན་ཆེན་གཞོན་པས་ཨ་མེ་རི་ཁ་དང་མཉམ་དུ་འབྲིང་འཕེན་འཕུར་མདའི་ཆིངས་ཡིག་ཐད་ནས་ཡང་བསྐྱར་གྲོས་མོལ་བྱེད་པར་རེ་སྒུག་བྱེད་པའི་ཚུལ་བསྟན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-01-24
ཡིག་གཟུགས། :ཆུང་། འབྲིང་། ཆེ།

201901240919156o1Q.jpg

ཟླ་དང་པོའི་ཚེས་ཉེར་གསུམ་ཉིན། ཨུ་རུ་སིའི་མའོ་སི་ཁིའི་ཉེ་འདབས་ཀྱི་ཁུའུ་པེན་ཁཱ་གྲོང་ཁྱེར་གྱི་རྒྱལ་གཅེས་མཁན་གྱི་སྤྱི་གླིང་ནས། ཨུ་རུ་སིའི་ཕྱི་འབྲེལ་བློན་ཆེན་གཞོན་པ་ལི་ཡཱ་པུའུ་ཁི་ཧྥུའུ་ཡིས་འཕུར་མདའི་གནད་དོན་ཐད་ཀྱི་སྒྲོག་སྤེལ་ཚོགས་འདུའི་སྟེང་གཏམ་བཤད་སྤེལ། 

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨུ་རུ་སིའི་འཕུར་མདའི་གནད་དོན་གྱི་སྒྲོག་སྤེལ་ཚོགས་འདུ་དང་འགྲེམ་སྟོན་བྱ་འགུལ་དེ་ཚེས་ཉེར་གསུམ་ཉིན་མའོ་སི་ཁིའི་ཉེ་འདབས་ཀྱི་ཁུའུ་པེན་ཁཱ་གྲོང་ཁྱེར་གྱི་རྒྱལ་གཅེས་མཁན་གྱི་སྤྱི་གླིང་ནས་སྤེལ། ཨུ་རུ་སིའི་ཕྱི་འབྲེལ་བློན་ཆེན་གཞོན་པ་ལི་ཡཱ་པུའུ་ཁི་ཧྥུའུ་ཡིས་སྒྲོག་སྤེལ་ཚོགས་འདུའི་སྟེང་བསྟན་དོན། ཨུ་རུ་སི་ཡིས་ཨ་མེ་རི་ཁ་དང་མཉམ་དུ་འབྲིང་འཕེན་འཕུར་མདའི་ཆིངས་ཡིག་རྒྱུན་འཁྱོངས་བྱེད་པའི་ཐད་ནས་ཡང་བསྐྱར་གྲོས་མོལ་བྱེད་པར་རེ་སྒུག་བྱས་ཡོད་ཟེར། 

ལི་ཡཱ་པུའུ་ཁི་ཧྥུའུ་ཡིས་བཤད་རྒྱུར། ཨུ་རུ་སིའི་ཕྱོགས་ཀྱིས་ཐེངས་འདིའི་བྱ་འགུལ་སྟེང་འདོན་སྤྲོད་བྱས་པའི་འཕུར་མདའི་རྒྱུ་ཆ་ཡིས་ཨ་མེ་རི་ཁའི་འབྲེལ་ཡོད་ཕྱོགས་ཀྱི་བསམ་གཞིག་ལ་ཡར་སྐུལ་གཏོང་ཐུབ་པ་དང་། རྒྱལ་ཁབ་གཉིས་ཀྱིས་འབྲིང་འཕེན་འཕུར་མདའི་ཆིངས་ཡིག་གནད་དོན་ཐད་ནས་ཡང་བསྐྱར་གྲོས་མོལ་བྱེད་པར་གོ་སྐབས་བསྐྲུན་ཐུབ། ཨུ་རུ་སིའི་ཕྱོགས་ཀྱིས་གྲོས་མོལ་བྱེད་པར་གྲ་སྒྲིག་བྱས་ཡོད་ཀྱང་། གྲོས་མོལ་དེ་ཕྱོགས་གཉིས་ཀྱི་ཁེ་ཕན་ལ་བསམ་བློ་གཏོང་བའི་རྨང་གཞིའི་སྟེང་སྤེལ་དགོས་ཟེར། 

ལི་ཡཱ་པུའུ་ཁི་ཧྥུའུ་ཡིས་ནན་གྱིས་བསྟན་དོན། ཨ་མེ་རི་ཁས་ཨུ་རུ་སི་ཡིས་འཕུར་མདའ་ཡོད་ཚད་མེད་པར་གཏོང་དགོས་པའི་རེ་བ་བཏོན་པ་དེ་དང་ལེན་བྱེད་ཐབས་མེད། ཨུ་རུ་སིའི་ཕྱོགས་ཀྱིས་བལྟས་ན། ཨ་མེ་རི་ཁས་བཏོན་པའི་ཟླ་གཉིས་པའི་ཚེས་གཉིས་ཉིན་གྱི་དུས་བཅད་ལོངས་པའི་རྗེས་སུའང་རྒྱལ་ཁབ་གཉིས་ཀྱིས་འབྲིང་འཕེན་འཕུར་མདའི་ཆིངས་ཡིག་ལག་བསྟར་བྱེད་པའི་འོས་འགན་ཡོད་པར་འདོད་ཡོད། 

ཐེངས་འདིའི་བྱ་འགུལ་གཙོ་སྒྲུབ་ཕྱོགས་ཁག་གིས་བྱང་ཆིངས་རྩ་འཛུགས་དང་ཡོ་རོབ་གླིང་མནའ་འབྲེལ། ཡོ་རོབ་གླིང་བདེ་འཇགས་མཉམ་ལས་རྩ་འཛུགས་སོགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་དག་གི་ཨུ་རུ་སི་རུ་སྡོད་པའི་དཔོན་པོ་གདན་ཞུ་བྱས་ཡོད་ཀྱང་། ཨ་མེ་རི་ཁ་དང་ཡོ་རོབ་གླིང་གི་རྒྱལ་ཁབ་མང་བོའི་དཔོན་རིགས་བྱ་འགུལ་ལ་ཞུགས་མེད།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།