ཀྲུང་གོ་བོད་ཀྱི་དྲ་བ།

དབྱི་རག་གི་ངོ་རྒོལ་མཁན་གྱིས་ཐུར་ཁེའི་དམག་སྒར་ལ་འཇབ་རྒོལ་བྱས་ཏེ་མི་བཅུ་གཅིག་ལ་ཤི་རྨས་ཐེབས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-01-27
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། དབྱི་རག་གསར་འགྱུར་ལས་རིགས་ཀྱིས་ཚེས་ཉེར་དྲུག་ཉིན་བསྒྲགས་པ་ལྟར་ན། དབྱི་རག་གི་ཁུའུ་ཨར་ཏི་རང་སྐྱོང་ས་ཁུལ་གྱི་ངོ་རྒོལ་མང་ཚོགས་དག་ཉིན་དེར་བྱང་ཕྱོགས་ཀྱི་ཏུའུ་ཧུའུ་ཁི་ཞིང་ཆེན་དུ་ཡོད་པའི་ཐུར་ཁེའི་དམག་སྒར་ཞིག་ཏུ་སོང་བ་དང་། ངོ་རྒོལ་བྱ་འགུལ་ལས་མི་གཅིག་རྐྱེན་ལམ་དུ་ཤོར་བ་དང་། མི་བཅུ་ལ་རྨས་ཕོག 

བསྒྲགས་པ་ལྟར་ན། ཏུའུ་ཧུའུ་ཁི་ཞིང་ཆེན་མང་ཚོགས་ཀྱིས་ཚེས་ཉེར་དྲུག་ཉིན་ཁྲོམ་སྐོར་བྱ་འགུལ་སྤེལ་ཏེ། ཐུར་ཁེའི་དམག་དཔུང་གིས་ཁུའུ་ཨར་ཏི་རང་སྐྱོང་ས་ཁུལ་ནས་མུ་མཐུད་དུ་བར་སྣང་འཇབ་རྒོལ་བྱས་པར་ངོ་རྒོལ་བྱས་པ་དང་། ཞོར་དུ་ཁུའུ་ཨར་ཏི་རང་སྐྱོང་ས་ཁུལ་གྱི་སྲིད་གཞུང་དང་དབྱི་རག་ཀྲུང་དབྱང་སྲིད་གཞུང་གིས་ཐུར་ཁེ་ཕྱོགས་ཀྱིས་འཇབ་རྒོལ་མཚམས་འཇོག་པའི་འགུལ་སྐྱོད་ལ་ཐེ་གཏོགས་བྱེད་དགོས་པའི་རེ་བ་བཏོན། 

ངོ་རྒོལ་བྱེད་པའི་མང་ཚོགས་དག་ཉིན་དེའི་ཕྱི་དྲོར་ཞིང་ཆེན་དེའི་ཞི་ལཱ་ཏིས་ཙི་གྲོང་རྡལ་གྱི་ཐུར་ཁེའི་དམག་སྒར་ཞིག་ཏུ་སོང་ནས། དམག་བཀོལ་རླངས་འཁོར་མང་བོ་མེར་བསྲེགས། 

བསྒྲགས་པ་ལྟར་ན། དམག་སྒར་དུ་ཤོར་ཡོང་བའི་ངོ་རྒོལ་མཁན་དང་ཐུར་ཁེའི་དམག་མིའི་བར་འཁྲུག་རྩོད་བྱུང་སྟེ། ངོ་རྒོལ་མཁན་གཅིག་རྐྱེན་ལམ་དུ་ཤོར་བ་དང་། མི་བཅུ་ལ་རྨས་ཕོག་ཡོད། ཁུའུ་ཨར་ཏི་རང་སྐྱོང་ས་ཁུལ་གྱི་བདེ་འཇགས་མི་སྣ་ཡུལ་དངོས་སུ་འབྱོར་ཡོད། 

ཐུར་ཁེའི་རྒྱལ་སྲུང་པུའུ་ཡིས་ཚེས་ཉེར་དྲུག་ཉིན་གསལ་སྒྲོག་སྤེལ་ཏེ། ཁུའུ་ཨར་ཏི་བཟོ་བའི་ཏང་གིས་ངན་སྐུལ་བྱས་འོག ཐུར་ཁེའི་དབྱི་རག་བྱང་ཕྱོགས་སུ་ཡོད་པའི་དམག་སྒར་ཞིག་ལ་ཉིན་དེར་འཇབ་རྒོལ་ཐེབས་པ་དང་། རླངས་འཁོར་དང་སྒྲིག་ཆས་སྐོར་ཞིག་ལ་གཏོར་བརླག་ཐེབས་ཡོད་པས། ཐུར་ཁེ་ཕྱོགས་ཀྱིས་དོན་རྐྱེན་དེར་དགོས་ངེས་ཀྱི་བྱེད་ཐབས་སྤྱད་ཡོད་ཟེར།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།