ཀྲུང་གོ་བོད་ཀྱི་དྲ་བ།

དབྱི་སི་རལ་གྱིས་ཡེ་ལུའུ་སཱ་ལེམ་ཤར་མའི་ཕཱ་ལེ་སི་ཐན་གྱི་ལས་ཁུངས་སྐོར་ཞིག་གི་སྒོ་བརྒྱག་པའི་ཡུན་ཚད་ཇེ་རིང་དུ་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-02-01
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། དབྱི་སི་རལ་གསར་འགྱུར་ལས་རིགས་ཀྱིས་ཟླ་དང་པོའི་ཚེས་སོ་གཅིག་ཉིན་བསྒྲགས་པ་ལྟར་ན། སྤྱི་བའི་བདེ་འཇགས་པུའུ་ཡིས་ཉིན་དེར་བཀའ་རྒྱ་བཀོད་དེ། ཡེ་ལུའུ་སཱ་ལེམ་ཤར་མའི་ཕཱ་ལེ་སི་ཐན་གྱི་ལས་ཁུངས་སྐོར་ཞིག་གི་སྒོ་བརྒྱག་པའི་ཡུན་ཚད་ཇེ་རིང་དུ་བཏང་ཡོད་ཟེར། 

བསྒྲགས་པ་ལྟར་ན། ཕཱ་ལེ་སི་ཐན་གྱི་ལས་ཁུངས་དེ་དག་ལ་ཕཱ་ལེ་སི་ཐན་ཡེ་ལུའུ་སཱ་ལེམ་ཤར་མ་རུ་སྡོད་པའི་དངོས་གཞི་མིན་པའི་དོན་གཅོད་ཁང་དང་ཨ་རབ་གནས་སྐོར་ལས་རིགས་ཀྱི་ཆེས་མཐོའི་ཨུ་ཡོན་ལྷན་ཁང་། ཕཱ་ལེ་སི་ཐན་ཞིབ་འཇུག་ལྟེ་གནས་སོགས་འདུས། ལས་ཁུངས་དེ་དག་ཚང་མ་ཕཱ་ལེ་སི་ཐན་མི་རིགས་དབང་ཤུགས་ལས་ཁུངས་སུ་གཏོགས་པ་རེད། 

བསྒྲགས་པ་ལྟར་ན། དབྱི་སི་རལ་གྱི་སྤྱི་བའི་བདེ་འཇགས་པུའུ་ཀྲང་ཨེ་ཨར་ཏན་གྱིས་ཉིན་དེར་དབྱི་སི་རལ་གྱི་ལག་བསྟར་བཅའ་ཁྲིམས་ཀྱི་འབྲེལ་ཡོད་ནང་དོན་གཞིར་བཟུང་ནས་གོང་གི་བཀའ་རྒྱ་དེ་བཀོད་པ་རེད། ལག་བསྟར་བཅའ་ཁྲིམས་ནི་དབྱི་སི་རལ་གྱི་ཅོར་ཏན་གཙང་བོའི་ནུབ་འགྲམ་དང་ཅཱ་ཧྲ་ས་ཁུལ་གྱི་ཕཱ་ལེ་སི་ཐན་ཕྱོགས་ཀྱི་འགུལ་སྐྱོད་ལ་ཚད་བཀག་བྱེད་པའི་གནས་སྐབས་ཀྱི་གྲོས་ཆོད་ཅིག་ཡིན་པ་རེད། 

ཨེ་ཨར་ཏན་གྱིས་བསྟན་དོན། ཕཱ་ལེ་སི་ཐན་གྱི་ལས་ཁུངས་དེ་དག་སྒོ་བརྒྱག་པའི་ཡུན་ཚད་ཇེ་རིང་དུ་བཏང་བ་ལས། དབྱི་སི་རལ་གྱིས་རྣམ་པ་གང་རུང་ལ་བརྟེན་ནས་ཡེ་ལུའུ་སཱ་ལེམ་ཤར་མའི་བདག་དབང་བསྐྱུར་མི་སྲིད་པ་དང་། དབྱི་སི་རལ་གྱིས་མུ་མཐུད་དུ་ཡེ་ལུའུ་སཱ་ལེམ་གྱི་བདག་དབང་ལ་ཤུགས་སྣོན་པ་དང་། ཕཱ་ལེ་སི་ཐན་གྱི་ཡེ་ལུའུ་སཱ་ལེམ་ཤར་མ་རུ་གཏན་སྡོད་བྱེད་ས་འཛུགས་པའི་བསམ་ཚུལ་གང་རུང་ལ་བཀག་འགོག་བྱེད་སྲིད་པ་མཚོན་ཡོད་ཟེར།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།