ཀྲུང་གོ་བོད་ཀྱི་དྲ་བ།

ཨུ་རུ་སི་དང་ཐུར་ཁེ། དབྱི་ལིང་བཅས་རྒྱལ་ཁབ་གསུམ་གྱི་ཙུང་ཐུང་གིས་སོ་ཆི་ནས་གྲོས་མོལ་བྱེད་རྒྱུ་རེད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-02-04
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨུ་རུ་སིའི་ཙུང་ཐུང་གི་གསར་འགྱུར་དྲུང་ཡིག་ཕའེ་སི་ཁི་ཧྥུའུ་ཡིས་ཚེས་གསུམ་ཉིན་བཤད་རྒྱུར། ཨུ་རུ་སི་དང་ཐུར་ཁེ། དབྱི་ལིང་བཅས་རྒྱལ་ཁབ་གསུམ་གྱི་ཙུང་ཐུང་གིས་ཚེས་བཅུ་བཞིའི་ཉིན་ཨུ་རུ་སིའི་ལྷོ་ཕྱོགས་ཀྱི་སོ་ཆི་གྲོང་ཁྱེར་ནས་གྲོས་མོལ་བྱེད་རྒྱུ་རེད་ཟེར། 

ཕའེ་སི་ཁི་ཧྥུའུ་ཡིས་བཤད་རྒྱུར། ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་དང་ཐུར་ཁེའི་ཙུང་ཐུང་ཨེ་ཨར་ཏའོ་ཨན་གྱིས་ཚེས་བཅུ་བཞིའི་ཉིན་སོ་ཆི་ནས་གྲོས་མོལ་བྱེད་རྒྱུ་ཡིན་པ་དང་། ཕུའུ་ཅིན་གྱིས་ཉིན་དེར་ཨེ་ཨར་ཏའོ་ཨན་དང་དབྱི་ལིང་གི་ཙུང་ཐུང་ལུའུ་ཧཱ་ནེ་གཉིས་དང་མཉམ་དུ་ཕྱོགས་གསུམ་གྲོས་མོལ་སྤེལ་རྒྱུའི་འཆར་གཞི་ཡོད་ཟེར། 

བསྒྲགས་པ་ལྟར་ན། ཨུ་རུ་སི་དང་ཐུར་ཁེ། དབྱི་ལིང་བཅས་རྒྱལ་ཁབ་གསུམ་གྱི་ཙུང་ཐུང་གིས་སྐབས་དེར་སི་རི་ཡཱའི་དབྱེ་ཏི་ལེ་པུའུ་ས་ཁུལ་གྱི་གནས་བབ་དང་ཨ་མེ་རི་ཁས་སི་རི་ཡཱ་ནས་དམག་དཔུང་ཕྱིར་འཐེན་བྱེད་པ་སོགས་གནད་དོན་ལ་གྲོས་བསྡུར་བྱེད་རྒྱུ་རེད་ཟེར། 

ཕུའུ་ཅིན་དང་ཨེ་ཨར་ཏའོ་ཨན་གྱིས་ཟླ་དང་པོའི་ཚེས་ཉེར་གསུམ་ཉིན་མའོ་སི་ཁི་ནས་གྲོས་མོལ་བྱས་ཏེ། སི་རི་ཡཱའི་གནས་བབ་དང་། ཐུར་ཁེ་དང་སི་རི་ཡཱའི་མཐའ་མཚམས་ཀྱི་སི་རི་ཡཱའི་ཕྱོགས་ནས་བདེ་འཇགས་ས་ཁུལ་འཛུགས་སྐྲུན་བྱེད་པ་སོགས་གནད་དོན་ལ་གྲོས་བསྡུར་བྱས། རྒྱལ་ཁབ་གཉིས་ཀྱི་མགོ་ཁྲིད་པས་ཉེ་སྔོན་ཨུ་རུ་སི་ནས་ཨུ་རུ་སི་དང་ཐུར་ཁེ། དབྱི་ལིང་བཅས་ཀྱི་མཐོ་རིམ་གྲོས་མོལ་སྤེལ་ནས་ཨ་སི་ཐཱ་ནཱའི་འཕེལ་རིམ་ལ་ཡར་སྐུལ་གཏོང་རྒྱུའི་གྲོས་ཐག་བཅད་ཡོད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།