ཀྲུང་གོ་བོད་ཀྱི་དྲ་བ།

ཝེ་ནེ་ཙུའེ་ལཱའི་ཕྱི་འབྲེལ་བློན་ཆེན་གྱིས་ཨ་མེ་རི་ཁས་ཝེ་ནེ་ཙུའེ་ལཱར་དམག་དོན་ཐེ་གཏོགས་བྱེད་པའི་འཇིགས་སྐུལ་བྱས་པར་སྐྱོན་འཛུགས་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-02-05
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཝེ་ནེ་ཙུའེ་ལཱའི་ཕྱི་འབྲེལ་བློན་ཆེན་ཨ་ལོས་ཡཱ་སཱ་ཡིས་ཚེས་གསུམ་ཉིན་དྲ་ཐོག་ཏུ་རྩོམ་ཡིག་སྤེལ་ཏེ། ཨ་མེ་རི་ཁས་ཝེ་ནེ་ཙུའེ་ལཱར་དམག་དོན་ཐེ་གཏོགས་བྱེད་པའི་འཇིགས་སྐུལ་བྱས་པར་སྐྱོན་འཛུགས་བྱས།

ཨ་མེ་རི་ཁའི་ཙུང་ཐུང་ཐི་ལིང་ཕུའུ་ཡིས་ཉེ་སྔོན་བཅར་འདྲི་དང་ལེན་བྱེད་སྐབས་བསྟན་དོན། ཝེ་ནེ་ཙུའེ་ལཱར་དམིགས་པའི་དམག་དོན་འགུལ་སྐྱོད་ནི་གདམ་གསེས་ཤིག་ཡིན་པ་དང་། ཝེ་ནེ་ཙུའེ་ལཱའི་ཙུང་ཐུང་མཱ་ཏུའུ་ལོ་ཡིས་ཁོ་དང་གྲོས་མོལ་བྱེད་འདོད་ཡོད་པའི་རེ་བ་དང་ལེན་མ་བྱས་ཟེར། 

ཨ་ལོས་ཡཱ་སཱ་ཡིས་དོན་དེའི་ཐད་ནས་བསྟན་དོན། ཐི་ལིང་ཕུའུ་ཡིས་ཨ་མེ་རི་ཁས་ཝེ་ནེ་ཙུའེ་ལཱ་ལ་སྲིད་འགྱུར་སློང་བཞིན་པ་མངོན་གསལ་གྱིས་ཁས་ལེན་བྱས་པར་མ་ཟད། ཡང་བསྐྱར་དྲག་ཤུགས་སྤྱོད་རྒྱུའི་འཇིགས་སྐུལ་བྱས། དེ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྒྲིག་ཡིག་དང་རྩ་བ་ནས་འགལ་ཡོད་ཟེར། 

ཉིན་དེར་མཱ་ཏུའུ་ལོ་ཡིས་ཨ་ལཱ་ཀྭ་ཀྲིག་གི་མཚོ་དམག་རྟེན་གཞི་ཅིག་ནས་དམག་དཔུང་གི་སྦྱོང་བརྡར་ལ་བལྟས་པ་དང་གཏམ་བཤད་སྤེལ། ཁོས་བཤད་རྒྱུར། ལོ་རྒྱུས་ཀྱི་དུས་སྐབས་དེར་དམག་དཔུང་གིས་ངེས་པར་དུ་མཐུན་སྒྲིག་སྲུང་འཛིན་བྱས་ཏེ། རྒྱལ་ཁབ་ཀྱི་བདག་དབང་རང་བཙན་དང་མངའ་ཁོངས་ཆ་ཚང་ཡོང་བར་སྲུང་སྐྱོབ་བྱ་དགོས་ཟེར། 

ཝེ་ནེ་ཙུའེ་ལཱ་སྲིད་གཞུང་གིས་དེའི་སྔོན་ཁྱབ་སྒྲོག་བྱས་དོན། ཨ་མེ་རི་ཁའི་ཝེ་ནེ་ཙུའེ་ལཱའི་དམག་དོན་འཇིགས་ཉེན་དང་ཝེ་ནེ་ཙུའེ་ལཱ་རྒྱལ་ནང་ངོ་རྒོལ་ཏང་གི་སྲིད་འགྱུར་འཆར་གཞི་ལ་དམིགས་ནས། ཝེ་ནེ་ཙུའེ་ལཱ་ཡིས་ཟླ་གཉིས་པའི་ཚེས་བཅུ་ཉིན་ནས་ཚེས་བཅོ་ལྔ་ཉིན་བར་གཞི་རྒྱ་ཆེ་བའི་དམག་དོན་སྦྱོང་བརྡར་སྤེལ་རྒྱུ་ཡིན་ཟེར། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།