ཀྲུང་གོ་བོད་ཀྱི་དྲ་བ།

རྒྱ་གྲམ་དམར་པོ་རྒྱལ་སྤྱིའི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཡིས་དབྱི་རག་གི་ཡུལ་འཁྱམས་བྱེད་པའི་མི་རྣམས་ཕྱིར་ཕ་ཡུལ་དུ་ལོག་པར་རོགས་རམ་བྱ་དགོས་པའི་འབོད་སྐུལ་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-02-05
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱ་གྲམ་དམར་པོ་རྒྱལ་སྤྱིའི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་མའོ་ལོས་ཨར་གྱིས་ཚེས་བཞིའི་ཉིན་དབྱི་རག་གི་རྒྱལ་ས་པཱ་ཀ་ཏཱ་ནས་བསྟན་དོན། དབྱི་རག་མི་ཆོས་རིང་ལུགས་ཀྱི་གནད་དོན་ཚབས་ཆེན་ལ་འཕྲད་ཡོད། ཁོས་ཡུལ་འཁྱམས་བྱེད་པའི་མང་ཚོགས་དག་ཕྱིར་ཕ་ཡུལ་དུ་ལོག་པར་ཆ་རྐྱེན་འོས་འཚམ་བསྐྲུན་དགོས་པའི་འབོད་སྐུལ་བཏང་། 

མའོ་ལོས་ཨར་གྱིས་ཉིན་དེར་པཱ་ཀ་ཏཱ་ནས་སྤེལ་བའི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་བཤད་རྒྱུར། དབྱི་རག་མི་ཆོས་རིང་ལུགས་ཀྱི་ཉམས་ཉེན་ལ་འཕྲད་ཡོད་པ་དང་། མང་ཚོགས་ས་ཡ་གཅིག་དང་འབུམ་བརྒྱད་ཙམ་ལ་འགྲོ་སའི་ཁྱིམ་མེད་པར་གྱུར་ཡོད། དེའི་ནང་སུམ་ཆའི་གཅིག་ཙམ་སྔར་བཞིན་རས་གུར་ནང་བསྡད་ཡོད་ཟེར། 

མའོ་ལོས་ཨར་གྱིས་བཤད་རྒྱུར། ཡུལ་འཁྱམས་བྱེད་པའི་མང་ཚོགས་དག་ཕྱིར་ཕ་ཡུལ་དུ་ལོག་པའི་འཕེལ་རིམ་མགྱོགས་མི་རུང་ཡང་འགོར་འགྱངས་ཀྱང་བྱེད་མི་རུང་། འབྲེལ་ཡོད་ཕྱོགས་ཀྱིས་འཐབ་འཁྲུག་ལས་བསྐྱུར་བའི་འགད་རྫས་གཙང་ཕྱགས་བྱེད་པའི་བྱ་བ་ཡོངས་འགྲུབ་བྱས་ཤིང་། འཐུང་ཆུ་དང་སྨན་བཅོས་སོགས་རྨང་གཞིའི་ཞབས་ཞུར་ཁག་ཐེག་བྱ་དགོས་པར་མ་ཟད། བྱ་བའི་གོ་སྐབས་འདོན་སྤྲོད་བྱས་ནས་མང་ཚོགས་དག་ཕྱིར་ཕ་ཡུལ་དུ་ལོག་པར་ཆ་རྐྱེན་འོས་འཚམ་བསྐྲུན་དགོས་ཟེར། ཁོས་ད་རུང་དབྱི་རག་གིས་སྤྱི་ཚོགས་འགྲིག་མཐུན་ལ་ཡར་སྐུལ་བཏང་སྟེ། ཡུལ་འཁྱམས་བྱེད་པའི་མི་སྣ་དག་བདེ་འཇགས་དང་རང་འགུལ། མཐོང་ཆུང་མེད་པའི་སྒོ་ནས་ཕྱིར་རང་ཁྱིམ་དུ་ལོག་པར་ཁག་ཐེག་བྱ་དགོས་པའི་འབོད་སྐུལ་བཏང་། 

མའོ་ལོས་ཨར་གྱིས་རྒྱ་གྲམ་དམར་པོ་རྒྱལ་སྤྱིའི་ཨུ་ཡོན་ལྷན་ཁང་གིས་དབྱི་རག་ལ་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་འདོན་སྤྲོད་བྱེད་རྒྱུ་ཁས་ལེན་བྱས། 

མའོ་ལོས་ཨར་ཟླ་འདིའི་ཚེས་གཅིག་ཉིན་པཱ་ཀ་ཏཱ་རུ་འབྱོར་བ་དང་། དེའི་རྗེས་སུ་གཙོ་བོ་དབྱི་རག་བྱང་ཕྱོགས་ཀྱི་མའོ་སུའུ་ཨར་གྲོང་ཁྱེར་དུ་འཚམས་འདྲི་བྱས་པར་མ་ཟད། དབྱི་རག་གི་ཙུང་ལི་མེད་ཧི་ཏིས་དང་དཔོན་རིགས་རེ་འགར་ཐུག་འཕྲད་བྱས། 

རྒྱ་གྲམ་དམར་པོ་རྒྱལ་སྤྱིའི་ཨུ་ཡོན་ལྷན་ཁང་གིས་ཚེས་བཞིའི་ཉིན་སྤེལ་བའི་གསལ་སྒྲོག་ལྟར་ན། རྩ་འཛུགས་དེས་ཉིས་སྟོང་བཅོ་བརྒྱད་ལོར་དབྱི་རག་ནས་མང་ཚོགས་ས་ཡ་གཉིས་དང་འབུམ་ལྔ་ལས་བརྒལ་བའི་མང་ཚོགས་ལ་འཐུང་ཆུའི་རོགས་སྐྱོར་བྱས་པ་དང་། མང་ཚོགས་འབུམ་གསུམ་དང་ཁྲི་བཞི་ལ་ཟས་རིགས་རོགས་སྐྱོར་འདོན་སྤྲོད་བྱས་ཡོད་པ་རེད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།