ཀྲུང་གོ་བོད་ཀྱི་དྲ་བ།

འཇར་པན་དང་འཇར་མན་གྱིས་མཉམ་ལས་བྱས་ཏེ་རང་དབང་ཉོ་ཚོང་ལ་སྲུང་སྐྱོབ་བྱེད་པར་གྲོས་འཆམ་བྱུང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-02-05
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། འཇར་པན་གྱི་དབུ་བཞུགས་བློན་ཆེན་ཨན་པའེ་ཅིན་སན་གྱིས་ཚེས་བཞིའི་ཉིན་དབུ་བཞུགས་བློན་ཆེན་གྱི་བཞུགས་ཤག་ནས་འཚམས་འདྲིར་ཡོང་བའི་འཇར་མན་གྱི་ཙུང་ལི་མའོ་ཁི་ཨར་དང་གྲོས་མོལ་བྱས། ཕྱོགས་གཉིས་ཀྱིས་མཉམ་ལས་བྱས་ཏེ་རང་དབང་ཉོ་ཚོང་ལ་སྲུང་སྐྱོབ་བྱེད་པར་གྲོས་འཆམ་བྱུང་། 

ཨན་པའེ་ཅིན་སན་གྱིས་གྲོས་མོལ་བྱས་རྗེས་སྤེལ་བའི་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་བསྟན་དོན། འཇར་པན་དང་འཇར་མན་གྱིས་མཉམ་ལས་ཟབ་མོ་བྱས་ཏེ། མཉམ་དུ་རང་དབང་སྒོ་འབྱེད་ཀྱི་དཔལ་འབྱོར་མ་ལག་ལ་སྲུང་སྐྱོབ་བྱེད་རྒྱུ་ཡིན་ཟེར། 

འཇར་པན་དང་ཡོ་རོབ་གླིང་མནའ་འབྲེལ་གྱི་དཔལ་འབྱོར་གྲོགས་པོའི་འབྲེལ་བའི་གྲོས་ཆོད་དངོས་སུ་ནུས་ལྡན་དུ་གྱུར་རྗེས་ཐོག་དང་པོར་འཇར་པན་དུ་འཚམས་འདྲི་བྱས་པའི་ཡོ་རོབ་གླིང་གི་མགོ་ཁྲིད་པ་ཡིན་པའི་ཆ་ནས། མའོ་ཁི་ཨར་དང་ཨན་པའེ་ཅིན་སན་གྱིས་སྔར་ལས་ལྷག་པའི་སྒོ་ནས་འཇར་མན་དང་འཇར་པན་གྱི་དཔལ་འབྱོར་འབྲེལ་བ་ཇེ་ཟབ་ཏུ་གཏོང་བར་གྲོས་བསྡུར་བྱས་པ་དང་། དབྱིན་ཇི་ཡོ་རོབ་གླིང་མནའ་འབྲེལ་དང་འབྲལ་བ་སོགས་གནད་དོན་ཐད་ནས་བསམ་འཆར་བརྗེ་རེས་བྱས། དེ་ལས་གཞན་ཕྱོགས་གཉིས་ཀྱིས་མཉམ་ལས་ལ་བརྟེན་ནས་ཟླ་དྲུག་པར་སྤེལ་རྒྱུ་ཡིན་པའི་རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱི་ཏཱ་པན་མཐོ་རིམ་གྲོས་ཚོགས་ནས་གྲུབ་འབྲས་ཐོབ་པར་ཡར་སྐུལ་གཏོང་རྒྱུ་ཁས་ལེན་བྱས། 

འཇར་པན་དང་ཡོ་རོབ་གླིང་མནའ་འབྲེལ་གྱིས་བཀོད་པའི་དཔལ་འབྱོར་གྲོགས་པོའི་འབྲེལ་བའི་གྲོས་ཆོད་དེ་ཟླ་གཉིས་པའི་ཚེས་གཅིག་ཉིན་དངོས་སུ་ནུས་ལྡན་དུ་གྱུར། འཇར་པན་སྲིད་གཞུང་གིས་གྲོས་ཆོད་དེས་རྒྱལ་ནང་གི་དཔལ་འབྱོར་འཕར་སྣོན་ལ་ཡར་སྐུལ་གཏོང་བར་རེ་སྒུག་བྱས་ཡོད་པ་དང་། ཉོ་ཚོང་སྲུང་སྐྱོབ་རིང་ལུགས་ལ་མཐའ་གཅིག་ཏུ་བཀག་འགོག་བྱེད་བཞིན་ཡོད། །


རྩོམ་སྒྲིག་པ། : ཀླུ་མོ་མཚོ།